རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་15ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་ཀྱི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་པ་དང་། G219ལམ་ཐིག་གི་མེ་ཏོག་ནས་རྫ་ཡུལ་བར་གྱི་རྣམ་གྲངས་ལས་འགོ་བསྐྱར་འཛུགས་ཀྱི་གནས་ཚུལ་ཉན་པ་རེད།
རེན་ཝེ་ཡིས་བླང་བྱ་བཏོན་དོན། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་རེད། གྲོང་གསེབ་ཀྱི་གཞུང་ལམ་ནི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱའི་ཁྲོད་ཀྱི་ཁྲག་རྩ་ཕྲ་མོ་ལྟ་བུ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཚོར་ཤོས་ཀྱི་དམངས་འཚོའི་དོན་ཆེན་ཡིན་པས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ལས་གྲྭའི་སྤུས་ཚད་དང་རྣམ་གྲངས་ཀྱི་མྱུར་ཚད་ཀྱི་འགག་སྒོ་དམ་པོར་སྲུང་བ་བཅས་བྱས་ཏེ།“2025ལོར་སླེབས་སྐབས་ཤང་དང་གྲོང་རྡལ་100%དང་སྲིད་འཛིན་གྲོང་ཚོ་90%ཡན་ཚང་མར་མཁྲེགས་ལམ་ཤར་གཏོང་ཐུབ་པའི”དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། མ་ལག་གི་འདུ་ཤེས་མཐའ་འཁྱོངས་དང་། བསམ་ཇུས་གཅིག་གི་དགོངས་པ་བརྟན་པོར་འཛུགས་པ། ལམ་ལུགས་དང་། ལག་རྩལ། གྲངས་གཞི་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པ། ལས་གྲྭའི་ཁྱབ་ཁོངས་ཀྱི་འོས་སྐུལ་འོས་དཔོད་ཀྱི“དྲ་བ་གཅིག”དང“ལས་སྟེགས་གཅིག”གི་རྣམ་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ནས་འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་གདིང་རྩའི་འགལ་ཟླ་ཐག་གཅོད་ནུས་ལྡན་བྱེད་དགོས་པ། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་G219ལམ་ཐིག་གི་མེ་ཏོག་ནས་རྫ་ཡུལ་བར་གྱི་རྣམ་གྲངས་ལས་འགོ་བསྐྱར་འཛུགས་ཀྱི་ཇུས་གཞིར་ཞིབ་དཔྱད་ནན་པོ་བྱེད་པ་དང་། ཉེན་འགོག་ཉེན་གཡོལ་སྒྲིག་བཀོད་ཀྱི་བདེ་འཇགས་བཏགས་གྲངས་སྔར་བས་མཐོ་རུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་དང་སྐྱེ་ཁམས་དམར་ཐིག་བརྟན་པོར་སྲུང་བ་བཅས་བྱས་ཏེ། རླངས་འཁོར་ཤར་གཏོང་ཐུབ་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱེད་དགོས།