ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་5ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་རྫས་ལ་རོགས་སྐྱོར་བྱས་ནས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་པའི་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པ་ཚོགས་འདུར་ཞུགས་ཡོད་པ་རེད།
ཁྲེན་ཡུང་ཆིས་ཁྱད་ལྡན་ལེགས་ལྡན་ཐོན་རྫས་ལ་རོགས་སྐྱོར་བྱས་ནས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་པ་ནི། རང་ལྗོངས་ཀྱིས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། དེས་ན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ། ཁྱད་ལྡན་ལེགས་ལྡན་ཐོན་རྫས་ལ་རོགས་སྐྱོར་བྱས་ནས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་པར་སྐུལ་འདེད་གཏོང་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཐུབ་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། དེ་བཞིན་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཧུར་ཐག་བྱེད་པ། འཛམ་གླིང་ཚོང་དོན་སྒྲིག་སྲོལ་བེད་སྤྱོད་ཡག་པོ་གཏོང་དགོས་པ་དང་རྒྱལ་ནང་གི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་དགོས་པའི་བླང་བྱར་བརྩི་སྲུང་ཞུ་བ། དགེ་མཚན་ཆེ་རིགས་འདོན་སྤེལ་བྱེད་པ། དམིགས་སའི་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་བའི་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་མགྱོགས་མྱུར་ཞིབ་འཇུག་བྱས་ནས་འདོན་པ་བཅས་བྱས་ཏེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་། ས་མཐོའི་ཐབ་ཆས། རང་བྱུང་འཐུང་ཆུ། རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཕྱིར་གཏོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་བགྲོད་ལམ་གལ་ཆེན་ཤར་གཏོང་བྱེད་རྒྱུའི་འཐབ་ཇུས་ངེས་གནས་ལ་གཞི་ཚུགས་ཏེ། “ཕྱིར་བསྐྱོད་པའི”འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། འགྲེམས་སྟོན་ཐོག་མར་བྱ་དགའ་དང་མངགས་ཐོ་ཐོག་མར་བྱ་དགའ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱོད་པ། ཁེ་ལས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཚོགས་ལ་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱེད་དགོས་པ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ཆ་འཕྲིན་སོགས་ཀྱི་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ་ཁེ་ལས་ཀྱིས་ཕྱི་ཕྱོགས་ལ་སྤུས་རྟགས་འོས་སྦྱོར་དང་། ཉོ་སྒྲུབ། འབྲེལ་མཐུད་བཅས་བྱེད་པར་སྟབས་བདེ་སྐྲུན་དགོས་པ། གྲོང་ཁྱེར་ཁག་དང་ས་ཁུལ་ཁག་གི་ཁོངས་གཏོགས་ས་ཆའི་འགན་འཁྲི་དམ་ནན་དུ་གཏོང་བ་དང་། ལས་རིགས་དང་སྡེ་ཚན་གྱིས་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀར་སྤྱི་འདོམས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། བཀོད་སྒྲིག་ཁག་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་པ། ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་ཧུར་ཐག་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།