བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོཌ་པ།
ཟླ་5ཚེས་9ཉིན་དང་ཚེས་10ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ་དང་། ཚེས་9ཉིན་ཅང་སུའུ་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ནན་ཅིང་དུ་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཟླ་5ཚེས་9ཉིན་དང་ཚེས་10ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་ཙི་ཅིན་ཧྲན་ཚོད་ལྟ་ཁང་དུ་དྲ་རྒྱའི་འཕྲིན་གཏོང་དང་བདེ་འཇགས་ཞིབ་འཇུག་གསར་སྤེལ་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།
ཟླ་5ཚེས་9ཉིན་དང་ཚེས་10ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ་རེད། ཚེས་9ཉིན་ཅང་སུའུ་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ནན་ཅིང་དུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཤིན་ཁྲང་ཤིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཞུས་ཁུན་ལིན་གྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་གནང་བ་རེད།
ནན་ཅིང་དུ་འབྱོར་མ་ཐག་འཐུས་མི་ཚོགས་པས་ཙི་ཅིན་ཧྲན་ཚོད་ལྟ་ཁང་དང་། ཅང་སུའུ་མན་ཡུན་མཉེན་ཆས་ཚན་རྩལ་ཚད་ཡོད་ཀུང་སི། ཐུའུ་ལིང་མིས་བཟོས་རིག་ནུས་ཞིབ་འཇུག་ཁང་། ཤན་ཧྲེང་སྨན་རྫས་ཚད་ཡོད་ཀུང་སི་སོགས་ལ་ཚ་ཚ་འུར་འུར་ངང་རྟོག་ཞིབ་གནང་ནས་ཅང་སུའུ་ཡི་སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་། གསར་དར་ཐོན་ལས་རྒྱ་སྐྱེད། འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་སོགས་ཀྱི་གསོན་ཉམས་དོད་པའི་ལག་ལེན་དངོས་ལ་ས་གནས་ས་ཐོག་ཏུ་དཔང་པོ་གནང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཅང་སུའུ་གསར་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཚོར་སྣང་ཟབ་མོ་བྱུང་བ་རེད།
ཅང་སུའུ་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཅང་སུའུ་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ལོ་30ཡི་རིང་། ཅང་སུའུ་ཞིང་ཆེན་གྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་། བོད་ཀྱི་དགོས་མཁོར་དམིགས་ནས་ཅང་སུའུ་ཡིས་ནུས་ཤུགས་གང་ཡོད་བཏོན་པ། ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་བོད་སྐྱོར་ལས་དོན་གྱི་རྣམ་པ་བཏོད་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་བར་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཞིང་ཆེན་གྱིས་ཅང་སུའུ་ཡི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“མདུན་གྲལ་དུ་སླེབས་པ་བཞི”དང“གསར་པ་བཞིའི”ལས་འགན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་བྱུང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་གཅིག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱེད་དགོས་ལ། གཉིས་ནས་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཅང་སུའུ་ནི་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་སྟོབས་ཆེ་བའི་ཞིང་ཆེན་ཞིག་ཡིན་པས་ཐོན་ལས་ཀྱི་བོད་སྐྱོར་དང་། དམངས་འཚོའི་བོད་སྐྱོར། རིག་སྟོབས་ཀྱི་བོད་སྐྱོར། རིག་གནས་ཀྱི་བོད་སྐྱོར་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག་སློབ་གསོ་དང་སྨན་བཅོས་ཤེས་ལྡན་པ་སོགས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཏན་ཏིག་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་སྟོབས་དང་གསོན་ཤུགས་སྣོན་རྒྱུའི་རེ་བ་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཧུར་ཐག་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱེད་པར་དམིགས་ཏེ་རིག་གནས་ཡུལ་སྐོར་དང་། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གཙང་མ་སོགས་ཀྱི་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཅང་སུའུ་ཡི་ཁེ་ལས་དེ་བས་མང་བ་བོད་དུ་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུའི་དགའ་བསུ་ཞུ་བ། ཤར་རྒྱུད་ཀྱི་སྔོན་ཐོན་ལག་རྩལ་དང་ནུབ་རྒྱུད་ཀྱི་ཁྲོམ་རའི་དགོས་མཁོ་ཟུང་འབྲེལ་བྱེད་པ། ས་ཁོངས་སྒྲོལ་བའི་ཁྲོམ་རའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་བཅས་ཡོང་བ་བྱས་ནས། བོད་འདི་ཉིད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་དང་མགྱོགས་མྱུར་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཐེམ་ཁུངས་བོད་ནས་ཡིན་པའི་གཞོན་ནུ་སློབ་ཞུགས་དང་ལས་ཞུགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
ཤིན་ཁྲང་ཤིང་གིས། ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་ལོ་མང་རིང་ཅང་སུའུ་ཡི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་དེ་བཞིན་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་ཐུགས་ཁུར་ལྟ་རྟོག་དང་གསོ་སྐྱོང་གཅེས་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ན་ནིང་ང་ཚོ་བོད་དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་སྐྱོད་སྐབས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཏན་ཏིག་ཚོར་བྱུང་ལ། མི་རིགས་ཁག་གི་མི་དམངས་ཕན་ཚུན་འཆམ་མཐུན་མཉམ་གནས་ཀྱི་མི་སེམས་འགུལ་བའི་རྣམ་པའང་མིག་མཐོང་ལག་ཟིན་བྱུང་། དེ་གིན་གྱི་ངོ་སྤྲོད་ཉན་རྗེས། བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་རྣམ་པ་གསར་པར་སྔར་བས་ངོས་འཛིན་གཏིང་ཟབ་བྱུང་སོང་བས་སྙིང་དབུས་ནས་ཡིད་སྨོན་སྐྱེ་ཡི་འདུག ལོ་30ཡི་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཅང་སུའུ་དང་བོད་ལྗོངས་ཐོག་མཐའ་བར་གསུམ་དུ་སེམས་པ་གཅིག་སྒྲིལ་དང་ལས་དབང་གཅིག་མཐུན་གྱིས་ལས་བྱེད་པ་དང་མང་ཚོགས་ཇི་ཙམ་འབྲེལ་འདྲིས་བྱས་པ་དེ་ཙམ་གྱིས་བརྩེ་སེམས་ཟབ་ཏུ་ཕྱིན་ཡོད། འགོ་འཛུགས་ས་གསར་པར་ང་ཚོས་ཁ་གཏད་བོད་སྐྱོར་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་ནས་ཀྲུང་དབྱང་གི་བླང་བྱ་དང་བོད་ཀྱི་དགོས་མཁོ་དེ་ཅང་སུའུ་ཡི་ལྕོགས་ཚོད་དང་ཟུང་འབྲེལ་བྱས་ཏེ་འཐབ་ཇུས་གལ་ཆེན་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་གི་ཡིན། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་མི་སེམས་དྲོ་བའི་བྱ་བ་ཡག་པོ་བསྒྲུབས་ཏེ་དམངས་འཚོའི་བདེ་རྩ་སྔར་བས་ཆེ་རུ་གཏོང་གི་ཡིན། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་བ་དང་། ས་གནས་གཉིས་ཀྱི་རིག་གནས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་རིག་གནས་དང་ཡུལ་སྐོར་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་དང་། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད། ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།