བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧུའུ་པེ་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་དང་ཝང་མོང་ཧུའེ་ཡིས་གསུང་བཤད་གནང་བ་དང་ཡན་ཅིན་ཧའེ་དང་ཝང་ཀྲུང་ལིན་ཚོགས་འདུར་ཞུགས་པ།
ཟླ་5ཚེས་8ཉིན་དང་ཚེས་9ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧུའུ་པེ་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ་དང་། ཚེས་9ཉིན་གྱི་སྔ་དྲོར། ཧུའུ་པེ་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཝུའུ་ཧན་དུ་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཟླ་5ཚེས་8ཉིན་དང་ཚེས་9ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧུའུ་པེ་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་བོད་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པས་ཝུའུ་ཧན་ཧྭ་ཀུང་སྐུལ་འོད་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིར་རིག་ནུས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་གནས་ཚུལ་ལ་རྟོག་ཞིབ་གནང་བཞིན་པ།
ཟླ་5ཚེས་8ཉིན་དང་ཚེས་9ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པ་ཧུའུ་པེ་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བར་ཕེབས་པ་རེད། ཚེས་9ཉིན་ཧུའུ་པེ་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཝུའུ་ཧན་དུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་མོང་ཧུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཝང་ཀྲུང་ལིན་གྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་གནང་བ་རེད།
འཐུས་མི་ཚོགས་པ་སྔ་རྗེས་སུ་ཆིང་ཧྲན་གཙང་འགྲམ་དང་། ཁྲང་ཧྥེ་འོད་སྐུད་མ་རྐང་ཚད་ཡོད་ཀུང་སི། ཝུའུ་ཧན་ཧྭ་ཀུང་སྐུལ་འོད་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་དང་། རིག་ནུས་བཟོ་སྐྲུན། རིག་ནུས་སྒྲིག་ཆས་ཞིབ་སྤེལ། ཆ་འཕྲིན་འཕྲིན་གཏོང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ས་ཆ་གང་དུ་ཕེབས་རིམ་བཞིན་འཐུས་མི་ཚོགས་པའི་ཁོངས་མི་ཚང་མས་ངོ་སྤྲོད་ནན་ཏན་ངང་གསན་པ་དང་རང་འགུལ་ངང་འབྲེལ་མཐུད་ཧུར་ཐག་དང་སྤེལ་རེས་གཏིང་ཟབ་དང་ཞིབ་ཚགས་གནང་ཡོད།
ཧུའུ་པེ་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧུའུ་པེ་ཡིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་གསུངས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ཧུའུ་པེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ནས“རྟེན་ས་བསྐྲུན་པ་དང་། མདུན་གྲལ་དུ་སྐྱོད་པ། ལེའུ་གསར་པ་རྩོམ་པ”བཅས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་ཕྱིན་ནས་དཔྱད་གཞིར་འཛིན་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དང་བྱེད་སྟངས་བཟང་པོ་མང་པོ་བཏོད་པས་ང་ཚོས་ཧུའུ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་དགའ་ཚོར་དང་སྤོབས་སེམས་སྐྱེ་གི་འདུག ལྷག་པར་དུ་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30ཡི་སོང་རིང་ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
མིག་སྔར་བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་གཏན་འཁེལ་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པར་སྐུལ་འདེད་བཏང་བས་བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་དང་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཧུའུ་པེ་དང་བོད་ཀྱི་སྤེལ་རེས་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་དང་མདུན་ལམ་ཆེན་པོ་ལྡན་ཡོད། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་ཤིང་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས། དེ་ནི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་གཡུལ་ས་གཙོ་བོ་ཡིན་པ་དང་། ཧུའུ་པེར་ཤེས་ལྡན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཚན་རྩལ་གྱི་སྟོབས་ཤུགས་མངོན་གསལ་དོད་པ། ཐོན་ལས་ཀྱི་རྨང་གཞི་བཟང་པོ་བཅས་ཡོད་པས་དེ་ནི་དབུས་རྒྱུད་དར་རྒྱས་ཡོང་བའི་འཐབ་ཇུས་ཀྱི་རྟེན་ས་གལ་ཆེན་ཞིག་རེད། རེ་བར་ཕྱོགས་གཉིས་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཚན་རྩལ་དང་། སློབ་གསོ། ཤེས་ལྡན་པ། རིག་སྟོབས་སོགས་བོད་སྐྱོར་གྱི་ལས་དོན་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་བོད་ལྗོངས་འཛིན་གྲྭར་མ་བསྡུ་བའི་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། གསར་དར་ཐོན་ལས། ཐཱན་འདུས་དཔལ་འབྱོར། རིག་གནས་ཡུལ་སྐོར་ཐོན་ལས་སོགས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་སྤོ་སྒྱུར་དང་འབྲེལ་མཐུད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་། རིམ་པ་དེ་བས་ཟབ་པ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་ཐོག་ནས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པའི་སྒོ་ནས་སྒྱུར་དགོས། སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེ་མོ་མི་བྱེད་པ་མཐའ་འཁྱོངས་བྱས་ཏེ་བོད་ནི་འབྲི་ཆུའི་ཆུ་འགོ་དང་ཧུའུ་པེ་ནི་འབྲི་ཆུའི་དབུས་རྒྱུད་ས་ཁུལ་ཡིན་པས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས།
ཝང་མོང་ཧུའེ་ཡིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཧུའུ་པེའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་སེམས་ཁུར་དང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་གསུངས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཏན་འཁེལ་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ནས་དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་ཡོད། ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བློ་རྩེ་གཅིག་སྒྲིམ་ངང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ས་གནས་གཉིས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། བོད་སྐྱོར་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན། རེ་བར་ད་ཐེངས་འཐུས་མི་ཚོགས་པ་འཚམས་འདྲིར་ཕེབས་པ་གོ་སྐབས་སུ་བྱས་ནས་ས་གནས་གཉིས་ཀྱིས་ཐོན་ལས་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་རྒྱུར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་ཞུགས་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
རྟོག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་བོད་ལྗོངས་འཛིན་གྲྭའི་དགེ་སློབ་དང་ཐེམ་ཁུངས་བོད་ནས་ཡིན་པའི་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མའི་འཐུས་མིར་བྱམས་བརྩེའི་ངང་གཟིགས་ཏེ་ཁོང་ཚོ་ཧུའུ་པེར་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ཀྱི་གནས་ཚུལ་གསན་པ་རེད། ཁོང་གིས་བོད་ལྗོངས་འཛིན་གྲྭ་གཉེར་བ་ནི་ཏང་ཀྲུང་དབྱང་གིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཞིང་། དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད། རེ་བར་ཚང་མས་ཐོབ་པར་དཀའ་བའི་གོ་སྐབས་ལ་གཅེས་སྤྲས་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འབྲེལ་ཟམ་འཛུགས་པ། མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བརྩོན་ལེན་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་པ་དང་ལག་ལེན་པ་ཞིག་བྱེད་དགོས་ཞེས་གསུངས་པ་རེད།