ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་5ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། གངས་འཁྱགས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་དང་། ཝེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཁྲེན་ཡུང་ཆིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངོས་འཛིན་ཟབ་ཏུ་བཏང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡི་འདུ་ཤེས་བརྟན་པོར་འཛུགས་པ། གངས་འཁྱགས་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་ལས་དོན་ཡག་པོ་བསྒྲུབ་དགོས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལས་ཀའི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་།《གངས་འཁྱགས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཇུས་གཞི》དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཏན་ཏིག་བྱེད་པ། མཚོ་བོད་ཚན་ཞིབ་ཀྱི་ཞིབ་འཇུག་གྲུབ་འབྲས་ཡག་པོ་སྤྱོད་པ། གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པ། བོད་ཀྱི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མུ་མཐུད་བརྟན་དུ་གཏོང་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་ཏན་བྱས་ནས། བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་ཐོན་ཁུངས་སྲུང་སྐྱོང་སྲོལ་ཡིག་མགྱོགས་མྱུར་བཏོན་པ་དང་གངས་འཁྱགས་ཐོན་ཁུངས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཁྲིམས་སྐྱོང་ཅན་གྱི་ཁོངས་སུ་བཅུག་སྟེ་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་གངས་འཁྱགས་ཐོན་ཁུངས་སྲུང་སྐྱོང་གསར་སྤེལ་འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་བཏོན་ནས། གངས་འཁྱགས་ཐོན་ཁུངས་གལ་ཆེན་སྣ་ཚོགས་རིམ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ནང་འཇུག་པ་དང་། གངས་འཁྱགས་ཐོན་ཁུངས་གསར་སྤེལ་བྱེད་པར་སྤྱོད་པའི་ས་ཆ་དང་འབྲེལ་བའི་སྔོན་གྲབས་ཞིབ་དཔྱད་དང་། རྣམ་གྲངས་བཙུགས་ནས་ལག་བསྟར་ཐུབ་མིན་གྱི་ཞིབ་འཇུག ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཚོད་འཛིན་སོགས་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་ཞིབ་མཆན་ནན་པོ་འགོད་པ། གངས་འཁྱགས་དཔལ་འབྱོར་དང་གངས་འཁྱགས་ཐོན་ལས་འཕེལ་རྒྱས་ལ་ཡུལ་བབ་དང་བསྟུན་ཏེ་སྐུལ་འདེད་བཏང་ནས། གངས་འཁྱགས་ཡུལ་སྐོར་དང་གངས་འཁྱགས་ལུས་རྩལ་སོགས་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་འཕེལ་རྒྱས་གཏོང་བ་དང་། གངས་འཁྱགས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་བཏོན་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།