ལྗོངས་ཡོངས་ཀྱི་ས་ཆ་མང་པོར་སྒལ་ཚིགས་འཁྱོག་པའི་གཞོན་ནུ་ལོ་ཆུང་གྲལ་བཤེར་བྱས་པ།
གཞོན་ནུ་ལོ་ཆུང་དང་བྱིས་པའི་སྒལ་ཚིགས་འཁྱོག་པ་སྔ་ཙམ་ནས་ཤེས་རྟོགས་ཐུབ་པ་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རེ་བ་དགེ་སྒྲུབ་མཐུན་ཚོགས་ཀྱིས་སྤེལ་བའི“བོད་རིགས་ཕྲུ་གུར་གཅེས་སྐྱོང་བྱེད”ཅེས་པའི་བྱིས་པའི་སྨན་བཅོས་སྐྱོབ་རོགས་འཆར་གཞིའི་སྤྱི་ཕན་རྣམ་གྲངས་ཀྱིས་མཚོ་གླག་ཐེབས་རྩ་ལྷན་ཚོགས་དང་། པེ་ཅིང་ཁྲའོ་དབྱང་སྨན་ཁང་། གཞིས་རྩེའི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ལྷ་སའི་སེང་གེ་སྨན་ལས་བཅས་དང་མཉམ་འབྲེལ་བྱས་ཏེ་གཞིས་རྩེ་དང་། ལྷོ་ཁ། ལྷ་ས་སོགས་སུ་སྒལ་ཚིགས་འཁྱོག་པ་གྲལ་བཤེར་བྱེད་པའི་བྱེད་སྒོ་སྤེལ་བ་རེད།
གྲལ་བཤེར་བྱ་ཡུལ་དུ། པེ་ཅིང་ཁྲའོ་དབྱང་སྨན་ཁང་གི་སྨན་པས་གཞོན་ནུ་ལོ་ཆུང་གི་དམིགས་བསལ་རང་བཞིན་གྱི་སྒལ་ཚིགས་འཁྱོག་པའི་ནད་རྟགས་དང་། གནོད་འཚེ། སྔོན་འགོག སྨན་བཅོས་སོགས་ཀྱི་ཤེས་བྱ་གཞོན་ནུ་ལོ་ཆུང་ལ་ཚན་རིག་ཁྱབ་གདལ་བཏང་བ་མ་ཟད། ད་དུང་སྒལ་ཚིགས་འཁྱོག་པའི་ནད་རྟགས་གཏན་འཁེལ་བྱས་པའི་གཞོན་ནུ་ལོ་ཆུང་60ལ་བརྟག་དཔྱད་ཞིབ་ཚགས་བྱས་པ་དང་འབྲེལ་བརྟག་དཔྱད་བྱས་འབྲས་བཞིན་ནད་འགོག་ཇུས་གཞི་དང་། སྨན་བཅོས། བདེ་ཐང་སླར་གསོའི་གྲོས་འགོ་བཏོན་པ་བཅས་དང་། དེ་བཞིན་དུས་བཀག་ལྟར་རྗེས་སྙེག་ཞབས་འདེགས་ཞུས་ཏེ་གཞོན་ནུ་ལོ་ཆུང་གི་སྒལ་ཚིགས་བདེ་ཐང་སྲུང་སྐྱོང་གི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4པའི་ཟླ་དཀྱིལ་ནས་བཟུང་། རྣམ་གྲངས་དེས་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་300ལྷག་ཙམ་ལ་རིན་པ་མི་དགོས་པར་སྒལ་ཚིགས་འཁྱོག་པ་གྲལ་བཤེར་བྱས་པ་དང་། མིག་སྔར་ལས་དོན་དེ་མཇུག་བསྡུ་བའི་དུས་མཚམས་སུ་སླེབས་ཡོད། ད་ཐེངས་གྲལ་བཤེར་ཐུབ་པའི་ནད་པར་རེ་བ་དགེ་སྒྲུབ་མཐུན་ཚོགས་དང་མཚོ་གླག་ཐེབས་རྩ་ལྷན་ཚོགས་ཀྱིས་སྨན་བཅོས་འགྲོ་གྲོན་ཐད་རྒྱབ་སྐྱོར་བྱ་རྒྱུ་རེད།