ཝང་ཅུན་ཀྲེང་གིས་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་བརྟག་ཞིབ་གནང་བ།
ལིའུ་ཅང་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་སློབ་གྲྭའི་ཁྱད་ལྡན་རིག་ཚན་འཛུགས་སྐྱོང་སྐོར་གྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་དང་སློབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་དང་སློབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པར་ཚད་གཞི་ལོན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལུའོ་མེ། ཏུའུ་ཅན་ཀུང་བཅས་ཞུགས་ཡོད་པ་རེད།
ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་ནི་དུས་རབས་གོང་མའི་ལོ་རབས་60པའི“དགེ་རྒན་གསོ་སྦྱོང་འཛིན་གྲྭ”ནས་འཕེལ་རྒྱས་བྱུང་བ་དང་། དེ་ནི་རང་ལྗོངས་ཀྱི་དགེ་འོས་སློབ་གྲྭ་འབའ་ཞིག་དེ་རེད། ཝང་ཅུན་ཀྲེང་ཀུན་སྤྱོད་སློབ་གསོ་ཁང་དང་། སློབ་གྲྭའི་ལོ་རྒྱུས་ཁང་། ཆ་འཕྲིན་དྲ་རྒྱའི་ལྟེ་གནས། གྲངས་འཛིན་གཏོང་སྤེལ་ཁང་། རོལ་དབྱངས་སློབ་ཁྲིད་ཁང་བཅས་སུ་ཕེབས་ཏེ། སློབ་གྲྭའི་འཕེལ་རྒྱས་ལོ་རྒྱུས་དང་། དགེ་རྒན་བཀོད་སྒྲིག ཤེས་ལྡན་མི་སྣ་གསོ་སྐྱོང་། ཁྱད་ལྡན་རིག་ཚན་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་ནས་སློབ་གྲྭའི་སློབ་གཉེར་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས“བདེན་འཚོལ”གྱི་སློབ་གྲྭའི་གདམས་ཚིག་རྒྱུན་འཛིན་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ། དགེ་འོས་ཀྱི་རྨང་གཞི་བརྟན་སྲུང་བཅས་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་སློབ་གཉེར་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སློབ་གྲྭ་དེ་བས་ལེགས་པ་དང་ཁྱད་ཆོས་ལྡན་པ་ཞིག་གཉེར་རྒྱུའི་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་དགེ་འོས་སློབ་གྲྭས་སློབ་གྲྭ་འབྲིང་ཆུང་ལ་དགེ་རྒན་གསོ་སྐྱོང་བྱེད་པའི་ལས་འགན་ལྕི་པོ་འཁུར་བཞིན་ཡོད་པས་འགན་འཁྲི་དཀའ་ཚེགས་ཆེ་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སློབ་གྲྭ་འཛུགས་སྐྱོང་དང་སློབ་གཉེར་གྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་རྒྱ་ཆེའི་དགེ་སློབ་ཀྱི་བསམ་བློར་དྲག་ཆས་སྤྲོས་དགོས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་མཐའ་འཁྱོངས་ཀྱིས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་དམིགས་ནས། སློབ་གསོའི་ཆོས་ཉིད་དང་ཤེས་ལྡན་པ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། དགེ་འོས་སློབ་གསོའི་མ་ལག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གསར་པར་དམིགས་ནས། དགེ་འོས་སློབ་གསོའི་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དགོས་མཁོའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། སློབ་གསོའི་འཁོར་འབྲེལ་དང་། ཤེས་ལྡན་པའི་འཁོར་འབྲེལ། ཐོན་ལས་འཁོར་འབྲེལ། གསར་གཏོད་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སློབ་གཉེར་གྱི་སྤུས་ཚད་མཐོ་རུ་དང་སློབ་གཉེར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གྱིས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གནས་བབ་ཨང་དང་པོར་བཞག་སྟེ་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་བཏང་ནས་དགེ་རྒན་གྱི་ཀུན་སྤྱོད་མཆོག་ཏུ་གྱུར་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་དང་མཐུན་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་གཅིག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། ཏང་གི་འགོ་ཁྲིད་སློབ་གཉེར་སློབ་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པ་དང་ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁུར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གིས་མཐོ་སློབ་ལས་དོན་ལ་འཛིན་པའི་འགོ་ཁྲིད་དབང་ཆ་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ནས། མཐོ་སློབ་དེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་གཡུལ་ས་བརྟན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་གསོའི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱས་ཏེ་སློབ་གྲྭ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆ་རྐྱེན་བཟང་པོ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།