དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • 2024ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ། ལིའུ་ཅང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-01

    ཟླ་4ཚེས་29ཉིན་གྱི་སྔ་དྲོར། 2024ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་ལག་ཁྱེར་དང་གཟེངས་རྟགས་གནང་བཞིན་པ།

    ཟླ་4ཚེས་29ཉིན་གྱི་སྔ་དྲོར། 2024ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་29ཉིན་གྱི་སྔ་དྲོར། 2024ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་ནན་ཏན་གྱིས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ། རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ། ལིའུ་ཅང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་བཟོ་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།  ཁོང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་བྱས་རྗེས་འཇོག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོར་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་གར་སྟེགས་ཆེན་པོར་འཇོན་ཐང་ངོམ་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་གྲལ་འགོར་བྱས་རྗེས་འཇོག་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཚང་མས་གཟི་བརྗིད་ལ་གཅེས་སྤྲས་དང་ང་རྒྱལ་སྤངས་ཏེ་མུ་མཐུད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་འགོ་འཛུགས་ས་གསར་པའི་ཐོག་བྱས་རྗེས་གསར་པ་དང་གྲུབ་འབྲས་བཟང་པོ་སླར་ཡང་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད། བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་སྒྱུར་དགོས་ན། ང་ཚོས་སྔར་གྱི་དུས་གང་ལས་ཀྱང་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་དང་། རྒྱ་ཆེའི་ངལ་རྩོལ་པའི་གསར་གཏོད་ཀྱི་སྤྲོ་སེམས་དེ་བས་ཀྱང་འཕེལ་བར་བྱེད་དགོས་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་དེ་བས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་ལངས་ནས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཀྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་བློ་དཀར་སེམས་དཀར་གྱི་ལག་ལེན་པ་ཞིག་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་ལས་རྗེས་རྩེ་གྲ་གཏོད་ཕོད་པར་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་ལས་གནས་ལ་གཞི་ཚུགས་ནས་ཧུར་ཐག་འབད་ཐག་དང་དཀའ་སྤྱད་དངོས་སྒྲུབ་དང་། རང་འགན་ནན་སྒྲུབ། ལས་བཀུར་དང་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”ཀྱི་དོན་ཆེན་བཞིའི་ལག་ལེན་ནང་ཧུར་ཐག་ཞུགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་པ་ཚད་ལྡན་ཞིག་བྱེད་དགོས། དུས་རབས་ཀྱི་བླང་བྱ་དང་འཚམ་པ་དང་ནུས་པ་དང་བྱང་ཚད་མཐོ་རུ་བཏང་ནས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་འཛུགས་པ་དང་། སློབ་སྦྱོང་ལ་ཧུར་བརྩོན་དང་ལག་ལེན་ལ་མཐོང་ཆེན། རིག་གནས་སྦྱོང་བ་དང་། ཚན་རིག་སྦྱོང་བ། རྩལ་ནུས་སྦྱོང་བ། དགེ་རྒན་ས་ནས་སྦྱོང་བ་དང་། ལས་རོགས་ས་ནས་སྦྱོང་བ། དཔེ་དེབ་ཁྲོད་ནས་སྦྱོང་བ། ལག་ལེན་ཁྲོད་ནས་སྦྱོང་བ་བཅས་མཐའ་འཁྱོངས་བྱས་ཏེ་དམར་ཞིང་མཁས་པ་དང་ལས་སྒྲུབ་ལས་གཏོད་ཀྱི་འབད་འཐབ་ལྷོད་མེད་བྱེད་མཁན་ཞིག་བྱེད་དགོས། སྲོལ་གསར་སྤྱོད་བཟང་འཛུགས་པ་དང་། དུས་རབས་ཀྱི་དར་སྲོལ་ལ་ཁྲིད་སྟོན་བྱེད་པ། གཟི་ཁྲེལ་ཤེས་པ། ཡིན་མིན་ཤེས་པ། ཁྲིམས་ལུགས་སྲུང་བ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་ཀུན་སྤྱོད། མི་སྒེར་གྱི་ཀུན་སྤྱོད་བཅས་རང་རྟོགས་ངང་བརྟན་པོ་སྲུང་བ་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཚན་རིག་དང་མཐུན་པ་དང་། ཤེས་དཔལ། སྐྱོན་བྲལ། འཆམ་མཐུན་བཅས་ཀྱི་འཚོ་བ་སྐྱེལ་སྟངས་བརྩོན་ལེན་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དཔེ་བཟང་ལག་ལེན་པ་ཞིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་ཧུར་ཐག་བཙུགས་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ལས་བཟོ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ཏང་གིས་ལས་བཟོ་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུའི་ནུས་པ་ཡག་པོ་བཏོན་ཏེ། ལས་བཟོར་འབྲེལ་གཏུག་དང་། ལས་བཟོར་ཞབས་ཞུ། ལས་བཟོར་ཁྲིད་སྟོན། ལས་བཟོའི་སེམས་ནུས་གཅིག་སྒྲིལ་བཅས་དེ་བས་ལེགས་པར་བྱེད་པ་དང་། བཟོ་ཚོགས་རྩ་འཛུགས་དེ་ཉིད་ལས་བཟོ་མང་ཚོགས་ལ་དོན་དག་ཡོད་དུས་བློ་ལ་འཁོར་བ་དང་། དོན་དག་སྒྲུབ་ཐུབ་པ། དཀའ་ངལ་འཕྲད་སྐབས་བརྟེན་ས་ཡོད་པ་བཅས་ཀྱི“ལས་བཟོའི་ཁྱིམ་ཚང”ཞིག་ཏུ་དངོས་འབྲེལ་བསྐྲུན་ནས་བཟོ་ཚོགས་ལས་བྱེད་པ་ལས་བཟོ་མང་ཚོགས་ཀྱི་བློས་འགེལ་ས་ཞིག་ཏུ་འགྱུར་བར་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱིས་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ངལ་རྩོལ་དཔེ་བཟང་གི་གཏམ་རྒྱུད་དང་། ངལ་རྩོལ་གྱི་གཏམ་རྒྱུད། བཟོ་བོའི་གཏམ་རྒྱུད་བཅས་ཡག་པོ་བཤད་དེ་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་བླ་ན་མེད་པ། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་མཛེས་ཤོས་བཅས་ཡིན་པ་གངས་ལྗོངས་ས་མཐོའི་དར་སྲོལ་ཡག་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

    ཚོགས་ཆེན་ཐོག་སྐབས་དྲུག་པའི་བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱས་པ་དང་། གཟེངས་བསྟོད་ཐོབ་པའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    དབང་ཧའེ་ཀྲོའུ་དང་། ལའེ་ཅའོ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཐང་མིང་དབྱིན། ལུའོ་མེ། པད་མ་དབང་འདུས་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།