ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཁྲེན་ཡུང་ཆི་བརྟག་ཞིབ་ལ་ལྷན་དུ་ཕེབས་པ།
ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ་རེད།
ཁྲེན་ཡུང་ཆི་བརྟག་ཞིབ་ལ་ལྷན་དུ་ཕེབས་པ་རེད།
ལྷ་སས་ཁྱབ་གདལ་ནུས་ལྡན་བཏང་བའི“ཀྲུང་ཧྭའི་ཟས་མཆོག བོད་ཀྱི་བྲོ་བ”ཞེས་པའི་ཟས་མཆོག་ཁྲོམ་གཞུང་གི་ཡུལ་སྐོར་མིང་བྱང་གྲས་ཤིག་ཡིན་པའི་ངོས་ནས་ལྷ་སའི་དབྱིངས་ཚོང་ལས་ཁྲོམ་གཞུང་གི་ཟས་མཆོག་གི་དྲི་ཞིམ་གང་སར་འཐུལ་བ་དང་འཁྲུག་ཆ་ཡང་ཧ་ཅང་དོད་པོ་ཡོད།
ཡན་ཅིན་ཧའེ་དང་བཅས་པས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་དང་ཁྲོམ་བཀྱག་ལ་གཟིགས་ཀྱིན་དུ་ཚོང་ཁྲོམ་འཛུགས་སྐྱོང་དང་ཚོང་དུད་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཚོང་དུད་ལ་ཁྲིམས་སྲུང་གཉེར་སྐྱོང་དང་བདེ་འཇགས་གཉེར་སྐྱོང་གིས་སྤུས་ཚད་ལ་བརྟེན་ནས་འཛད་སྤྱོད་པའི་ཡིད་དབང་འགུག་པ་དང་ཞབས་ཞུར་བརྟེན་ནས་བསྔགས་བརྗོད་ཐོབ་པར་བྱས་ཏེ་བོད་ཀྱི་བྲོ་བ་དང་ཉམས་འགྱུར་མངོན་པར་བྱེད་དགོས་པའི་ལྕག་སྐུལ་གནང་ཞིང་། ཡན་ཅིན་ཧའེ་ཡིས“ལྔ་གཅིག”གུང་གསེང་འཆར་ཉེར་ཡོད་པས། དུས་ཆེན་གལ་ཆེན་གྱི་གོ་སྐབས་དམ་འཛིན་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྒྲིག་འཛུགས་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དེ་བས་མང་བའི་ཡིད་དབང་བཀུག་སྟེ་འཛད་སྤྱོད་ཁྲོམ་ར་སྔར་བས་འཁྲུག་ཆ་དོད་དུ་གཏོང་བ་དང་། མི་དེ་བས་མང་བའི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ། སྤུས་ལེགས་འཛད་སྤྱོད་མཁོ་སྤྲོད་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས་ཞེས་གསུངས་པ་རེད།
ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་བོད་ཀྱི་འགག་སྒོའི་དམིགས་བསལ་ལྟ་འདོམས་ས་ཁོངས་ཐོག་མ་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཐོག་མ་དེ་རེད། ཡན་ཅིན་ཧའེ་སྔ་རྗེས་སུ་རྒྱལ་སྒྲོལ་དྲ་ཐོག་ཚོང་ཁང་འགྲེམས་སྟོན་ལྟེ་གནས་དང་། ཙོན་ཡོན་ཚན་རྩལ་ཚད་ཡོད་ཀུང་སི། ཞུས་ཏ་ཐུང་ཚོང་དོན་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་གཉེར་སྐྱོང་དོ་དམ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་། ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བཅས་ཀྱི་གནས་ཚུལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནི་རང་ལྗོངས་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྟེན་གལ་ཆེན་ཞིག་རེད། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་བྱེད་ནུས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། དོ་དམ་ཞབས་ཞུ་ཞིབ་ཚགས་སུ་གཏོང་བ། ཁེ་ལས་ལ་དཀའ་ངལ་དངོས་སེལ་རོགས་བཅས་བྱས་ཏེ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། བོད་ཀྱི་ལེགས་ཆའི་ཐོན་རྫས“ཕྱིར་གཏོང”ལ་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་མང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་གི་རྣམ་གྲངས་ལས་སྒྲུབ་ཁུལ་དུ་ཡན་ཅིན་ཧའེ་ཡིས་རྣམ་གྲངས་འཆར་འགོད་ཇུས་འགོད་རི་མོར་ཞིབ་ཕྲ་གཟིགས་པ་དང་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་གྱི་གནས་ཚུལ་སོགས་གསན་ཞིང་། ཁོང་གིས་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ཚད་གཞི་མཐོ་རུ་གཏོང་བར་གཞི་ཚུགས་ནས་འགྲིམ་འགྲུལ་ཕན་ཚུན་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་གྱི་འགྲིམ་འགྲུལ་གྱི་གནོན་ཤུགས་སེལ་བ་དང་། གྲོང་ཁྱེར་གྱི་བྱེད་ནུས་དང་སྤུས་ཚད་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་འགྲོ་སྐྱོད་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།