ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཟླ་4ཚེས་25ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་སྙན་སེང་གསན་པ་དང་འབྲེལ། དུས་མཚམས་རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཀྱང་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར། གཙོ་གནད་ལས་དོན་ཁག་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། འདི་ལོ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དང་ཕྱོགས་ཡོངས་ནས་བསྡུར་བ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་བརྟན་པོ་ཡོང་བ་དང་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། བརྟན་ཐོག་ཡར་འཕེལ་དང་། ཡར་ཐོག་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞིབ་ཕྲའི་བྱེད་ཐབས་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་དང་ཇུས་འགོད་ཞིབ་ཚགས་དང་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་མགྱོགས་མྱུར་འཕར་བ་དང་། དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བ། ཁྲོམ་རའི་བྱེད་པོ་རྒྱུན་མཐུད་སྟོབས་ཆེར་གཏོང་བ། སྒོ་དབྱེའི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱེད་པ། དམངས་འཚོའི་ལས་དོན་ཟམ་མི་ཆད་པར་ལེགས་སུ་གཏོང་བ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་པའི་འཇོན་ཐང་དང་ཆུ་ཚད་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་བས་ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་བརྟན་པོ་བྱུང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ལ་འགྲན་སློང་ལྡན་ལ་དེ་བས་གོ་སྐབས་ལྡན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཏན་འཁེལ་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་དང་དུས་བབ་སྟངས་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་སྤྱི་འདོམས་སྔར་བས་བྱེད་པ་དང་གདེང་ཚོད་བརྟན་པོ་དང་ངར་ཤུགས་འཕེལ་བར་བྱས་ནས་ནུས་ཤུགས་ཡོད་རྒུས་དུས་ཚིགས་གཉིས་པར་འབད་འཐབ་བྱས་ཏེ་ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་དང་། འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཚན་རིག་དང་མཐུན་པར་ཁོང་དུ་ཆུད་པ་དང་། འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་ལས་དོན་གྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་མིག་རྒྱང་ཐོག་ནས་དཔལ་འབྱོར་གྱི་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་མཁས་པ། རང་རྟོགས་ཀྱིས་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་ལས་ཀ་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་འཁོར་རྒྱུག་ལ་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་དེ་བས་ནན་པོ་དང་བྱེད་ཐབས་དངོས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་དུས་ཚིགས་གཉིས་པའི་གཙོ་གནད་ལས་དོན་ཁག་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ། ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཧུར་ཐག་བྱེད་པ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་འཇོག་གི་ཁ་ཕྱོགས་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ། རྣམ་གྲངས་ཀྱི་དུས་འགོའི་ལས་ཀར་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་ཞབས་ཞུ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཡག་པོ་བྱེད་པ། ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་བ། ལས་ཀའི་བརྒྱུད་རིམ་ལེགས་སུ་གཏོང་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་དངོས་ཡོད་ཀྱི་ལས་འབོར་དེ་བས་མང་བ་བསྒྲུབ་པར་འབད་བརྩོན་བྱེད་དགོས། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་། གསར་དར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། སྔོན་ཐོན་ལག་རྩལ་དང་ས་མཐོའི་ཁྲོམ་ར་དང་མང་ཚོགས་ཀྱི་དགོས་མཁོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ལག་རྩལ་གསར་པ་དང་། སྒྲིག་ཆས་གསར་པ། བཟོ་རྩལ་གསར་པ་བཅས་ནང་འདྲེན་ཧུར་ཐག་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ནུས་རྒྱུ་གཙང་མ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་ཧུར་ཐག་གཏོང་བ་བཅས་བྱས་ཏེ“བོད་རྟགས་ཅན”གྱི་སྤུས་རྟགས་སྟོབས་ཆེ་དང་ལེགས་སུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱེད་དགོས། ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་ཚོང་གཉེར་གྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་སྟེ་ཚོང་འགུགས་མ་འདྲེན་སྲིད་ཇུས་ཀྱི་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་མུ་མཐུད་ལག་བསྟར་དང་ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་བཏང་སྟེ། ཁེ་ལས་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་གནད་དང་འགག་གནད་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱས་ནས་བོད་ཀྱི་ཚོང་གཉེར་ཁོར་ཡུག་དེ་བས་ལེགས་སུ་གཏོང་བ་དང་། ཁྲོམ་རའི་བྱེད་པོའི་གསོན་ཤུགས་དེ་བས་འཕེལ་བར་བྱེད་པ། མ་འཇོག་རྣམ་གྲངས་དེ་བས་མང་པོ་ཡོང་བར་བྱེད་དགོས། འཛད་སྤྱོད་ཀྱི་གདེང་ཚོད་མུ་མཐུད་ཆེ་རུ་གཏོང་བ་དང་། ཐོན་ལས་གསུམ་པའི་འཕེལ་རྒྱས་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ནས་ཀྲུང་དབྱང་གི་རེས་སྐོར་གསར་པའི“རྙིང་ཚབ་གསར་བརྗེས”ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། འགག་རྩའི་མི་ཚོགས་དང་། འགག་རྩའི་ཐོན་རྫས། འགག་རྩའི་ཁྲོམ་ར་བཅས་ལ་དམ་འཛིན་བྱས་ནས་ཡུལ་བབ་དང་བསྟུན་ནས་འཛད་སྤྱོད་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཐོན་རྫས་ཁག་གཅིག་གཏོད་གང་ཐུབ་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ། མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུ་དང་ནུས་པས་གཅོག་ཚོད་ཀྱིས་སྒྲུབ་པ་དང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དམངས་འཚོའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ། འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་གཏོང་བ། སྡེ་ཚན་མཐུན་སྦྱོར་དང་གོང་འོག་མཉམ་འགུལ། རྣམ་གྲངས་ཅན་དང་། ལས་གྲྭ་ཅན། གསལ་ཐོ་ཅན་བཅས་ཀྱི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གནད་དོན་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། ཞན་ཆ་སེལ་བ་དང་། ཞན་ཆ་ལེགས་གཏོང་། རྩ་བ་བརྟན་གཏོང་བཅས་སྔར་བས་ཐུབ་པར་བྱས་ནས་གནད་དོན་གང་ཞིག་མངོན་གསལ་དོད་ན་གནད་དོན་དེ་ཐག་གཅོད་བྱ་རྒྱུར་སྣང་ཆེན་དང་། གནད་དོན་གང་ཞིག་ཁ་ཚ་དགོས་གཏུགས་ཡིན་ན་གནད་དོན་དེ་དུས་ཚོད་དམ་འཛིན་གྱིས་ཐག་གཅོད་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་འཕར་རྒྱུར་སྐུལ་འདེད་གཏོང་དགོས། ལས་སྒྲུབ་ལས་གཏོད་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཧུར་ཐག་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ། “འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། སྟོང་གཏམ་ཉུང་ཙམ་ཤོད་པ་དང་དོན་དངོས་མང་ཙམ་སྒྲུབ་པ། རྨང་གཞིའི་ལས་དོན་ཞིབ་ཚགས་དང་གཏིང་ཟབ་སྒྲུབ་པ། གཙོ་གནད་ལས་དོན་དམ་འཛིན་ཡག་པོ་དང་ཏན་ཏིག་བྱེད་པ། གསར་གཏོད་ལས་དོན་གནས་ལ་འཁེལ་པོ་དང་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།