ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ།
ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་བཅས་ཞུགས་པ།
རྒྱུན་སྲིང་ལྷོད་མེད་ཀྱིས“དོན་ཆེན་བཞི”དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ།
ཟླ་4ཚེས་25ཉིན་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་ནན་ཏན་གནང་སྟེ། རྒྱུན་སྲིང་ལྷོད་མེད་ཀྱིས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས་སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ཆགས་པར་བྱས་ཏེ། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གཟིགས་རྒྱང་རིང་བ་དང་། དགོངས་པ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་ལ། ཆབ་སྲིད་ཀྱི་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་པས། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ནན་ཏན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གི་ནང་གཅིག་གྱུར་ཏན་ཏིག་བྱས་ཏེ། བོད་ཀྱི་ལས་དོན་དེ་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་ངེས་གནས་བསམ་གཞིག་དང་སྤྱི་འདོམས་སྐུལ་འདེད་གཏོང་བ། ས་ཁོངས་ཧྲིལ་པོའི་སྟོབས་ཤུགས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་གཏོང་བ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱར་གཞིགས་པ། སྲུང་སྐྱོང་ཆེན་པོ་དང་། སྒོ་དབྱེ་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པའི་ངེས་གནས་ལ་སྟངས་འཛིན་ནན་པོ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ཞིབ་ཚགས་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། བོད་ཀྱི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་། ས་ཁོངས་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་ལ་གཞིགས་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་མཐའ་འཁྱོངས། ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། ཚན་རྩལ་གྱི་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་གསར་མར་བསྒྱུར་མགྱོགས་སུ་གཏོང་བ། སྲོལ་རྒྱུན་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་མ་དངུལ་དང་། སྔོན་ཐོན་ལག་རྩལ། ཐོན་ལས་གཞན་སྒྱུར་བཅས་རང་འགུལ་ངང་དང་ལེན་ཧུར་ཐག་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་སྐྲུན་པ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པར་བྱེད་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ཕུགས་ལ་གཞི་ཚུགས་པ་དང་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས། སྒོ་དབྱེ་ཆེན་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་གཏོང་བ། སྒོ་དབྱེའི་ས་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ་དང་། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། སྒོ་དབྱེའི་གསོན་ཤུགས་ཆེ་རུ་གཏོང་བ། སྒོ་དབྱེའི་ལས་སྟེགས་སྟོབས་ཆེར་གཏོང་བ་བཅས་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པར་མཉམ་འདྲེས་གཏིང་ཟབ་བྱེད་པ། རང་འགུལ་ངང་ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་གླིང་དང་འབྲེལ་མཐུད་བཅས་བྱས་ནས་ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་བསྡུས་ནུས་རྒྱུའི་འགན་ལེན་མ་ལག་སྟོབས་ཆེར་གཏོང་བ། ཆུ་གློག་དང་། འོད་ཤུགས། རླུང་ནུས། ས་འོག་ཚ་ནུས་སོགས་ནུས་རྒྱུ་གཙང་མ་བདེ་འཇགས་དང་། ནུས་ཆེ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཆུ་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། གཞི་ཁྱོན་ཆེ་བའི་དབུལ་ལོག་མཐའ་གཅིག་ཏུ་གཏན་འགོག གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།