《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2024〕ཡིག་ཨང་2པ།
《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》འདི་2024ལོའི་ཟླ་1ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་བསྐྱར་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན། ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2024ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2024ལོའི་ཟླ་1ཚེས་24ལ།
(1992ལོའི་ཟླ་6ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་བ། 1997ལོའི་ཟླ་9ཚེས་18ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་ཐོག་དག་བཅོས་ཐེངས་དང་པོ་བྱས། 1999ལོའི་ཟླ་11ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་བསྐྱར་བཅོས་ཐེངས་གཉིས་པ་བྱས། 2011ལོའི་ཟླ་11ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིག〉སོགས་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》ལ་དག་བཅོས་ཐེངས་གཉིས་པ་བྱས། 2024ལོའི་ཟླ་1ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག་བསྐྱར་བཅོས་བྱས)
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། ས་ཆ་དོ་དམ་བྱ་རྒྱུར་ཤུགས་སྣོན་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བཅས་བྱེད་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཆ་སྲུང་སྐྱོབ་དང་། གསར་སྤེལ། བེད་སྤྱོད་བཅས་དང་དེ་བཞིན་འབྲེལ་ཡོད་ལྟ་སྐུལ་དོ་དམ་གྱི་བྱེད་སྒོར་བྱ་ཐབས་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། ས་ཆ་དོ་དམ་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ས་ཆ་ཧ་ཅང་གཙིགས་ཆེར་འཛིན་པ་དང་། བེད་སྤྱོད་ལུགས་མཐུན། རྨོ་ཞིང་སྲུང་སྐྱོབ་ཏན་ཏིག་བཅས་བྱེད་པའི་གཞི་རྩའི་རྒྱལ་ཇུས་ལ་བརྩི་བཀུར་ཞུ་དགོས་པ་དང་། ཕྱོགས་ཡོངས་ནས་འཆར་འགོད་དང་། དོ་དམ་ནན་པོ། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད། འབྱུང་འཕྲོད་ཅན་གྱི་གོང་འཕེལ་གཏོང་བ་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ས་ཆའི་སྤྱོད་གོ་བདག་སྡོམ་དང་རིན་ཡོད་བེད་སྤྱོད་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ས་ཆའི་བདག་དབང་ཡོད་མཁན་དང་བེད་སྤྱོད་བྱེད་དབང་ཡོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།
དོན་ཚན་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆའི་དོ་དམ་ལས་ཀར་ཤུགས་སྣོན་བརྒྱབ་ནས་ཞིང་སྤྱོད་ས་ཆ་འཛུགས་སྐྲུན་ས་ཆར་སྒྱུར་རིགས་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། འཛུགས་སྐྲུན་ས་ཆའི་སྤྱི་འབོར་ཚོད་འཛིན་བྱས་ནས་རྨོ་ཞིང་ལ་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་དགོས་པ། ས་རྒྱུའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་ཤུགས་སྣོན་རྒྱག་དགོས་པ། ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་སྤྱོད་དང་ས་ཆའི་ཐོན་ཁུངས་གཏོར་བཤིག་གཏོང་བའི་བྱ་སྤྱོད་བཀག་འགོག་བཅས་བྱེད་དགོས།
ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཁྲིམས་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ས་ཆ་དོ་དམ་གྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་གཅིག་གྱུར་ཐོག་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ས་ཆ་དོ་དམ་དང་ལྟ་སྐུལ་ལས་དོན་ལ་འགན་འཁུར་རྒྱུ།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གྲོང་གསེབ་ཀྱི་ཁང་ས་བསྒྱུར་བཅོས་དང་དོ་དམ་བྱེད་པའི་འབྲེལ་ཡོད་ལས་དོན་ལ་འགན་འཁུར་ནས་ཁྲིམས་བཞིན་རྨོ་ཞིང་གི་སྤུས་ཚད་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་དང་། དམངས་སྲིད། ནོར་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཆུ་བེད། རྩིས་བཤེར། བསྡོམས་རྩིས། ནགས་ལས་དང་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་སོ་སོའི་འགན་འཁྲི་གཞིར་བཟུང་། ས་ཆ་དོ་དམ་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུ།
དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་ཆ་དོ་དམ་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། གཅིག་གྱུར་ཐོག་རྒྱལ་ཁབ་ས་ཆའི་བར་སྟོང་གི་རྨང་གཞིའི་ཆ་འཕྲིན་ལས་སྟེགས་བཟོས་ནས་རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་དང་། རྨོ་ཞིང་སྲུང་སྐྱོབ། ས་ཆ་གསར་སྤེལ་བེད་སྤྱོད། འགུལ་མེད་རྒྱུ་ནོར་ཐོ་འགོད། ས་ཆ་བརྟག་དཔྱད། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། ཁྲིམས་སྒྱུར་ལྟ་སྐུལ་སོགས་དོན་གནད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཆ་འཕྲིན་ཅན་དུ་དོ་དམ་བྱ་རྒྱུ་ལག་བསྟར་བྱེད་དགོས་པ་དང་། ས་ཆ་བེད་སྤྱོད་དང་དོ་དམ་བྱས་ཚུལ་ལ་འགྱུར་ལྡན་ལྟ་ཞིབ་བྱེད་དགོས།
རང་བྱུང་ཐོན་ཁུངས་དང་། གོང་འཕེལ་བསྒྱུར་བཅོས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཞིང་ལས་དང་གྲོང་གསེབ། ནགས་ལས་དང་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ས་ཆ་དོ་དམ་གྱི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་བཙུགས་ཏེ། ས་ཆ་དོ་དམ་གྱི་གྲངས་གཞི་མཉམ་སྤྱོད་དང་ལས་སྒོ་མཐུན་སྦྱོར་ཡོང་བ་བྱས་ནས་ཁྲིམས་ལྟར་ས་ཆ་དོ་དམ་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ས་ཆ་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་སུ་ས་ཆར་གཙེགས་ཆེན་དང་། ས་ཆ་གྲོན་ཆུང་བེད་སྤྱོད། རྨོ་ཞིང་སྲུང་སྐྱོབ་བཅས་བྱེད་པའི་འདུ་ཤེས་དང་འབྱུང་འཕྲོད་ཅན་གྱི་གོང་འཕེལ་འདུ་ཤེས་འཛུགས་རྒྱུའི་ཁྲིད་སྟོན་བྱེད་དགོས།
ལེའུ་གཉིས་པ། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད།
དོན་ཚན་བརྒྱད་པ། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ནི་ཁུལ་ཁོངས་ངེས་ཅན་ཞིག་གི་རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་བྱེད་པར་བར་སྟོང་དང་དུས་ཚོད་ཐད་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་དང་། སྤྱོད་སྒོ་བདག་སྡོམ་དང་། ས་ཆ་སྤྱོད་པའི་ཞིབ་མཆན། འཆར་འགོད་ཆོག་འཐུས་བཅས་དང་དེ་བཞིན་གསར་སྤེལ་དང་། སྲུང་སྐྱོབ། འཛུགས་སྐྲུན་བཅས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བའི་རྩ་བའི་གཞི་འཛིན་ས་ཞིག་ཡིན།
རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ནང་སྤྱིའི་འཆར་འགོད་དང་། ཞིབ་ཕྲའི་འཆར་འགོད་དང་འབྲེལ་ཡོད་ཆེད་དམིགས་འཆར་འགོད་ཚུད་ཡོད་ཅིང་། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱི་མ་ལག་ཕུད་པའི་དེ་མིན་གྱི་བར་སྟོང་འཆར་འགོད་ལོགས་སུ་བཟོ་རྒྱུ་མིན། འོག་རིམ་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དེ་ངེས་པར་དུ་གོང་རིམ་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་མཐུན་དགོས་པ་དང་། ཞིབ་ཕྲའི་འཆར་འགོད་དང་འབྲེལ་ཡོད་ཆེད་དམིགས་འཆར་འགོད་དེ་ངེས་པར་དུ་སྤྱིའི་འཆར་འགོད་དང་མཐུན་དགོས་པ། འབྲེལ་ཡོད་ཆེད་དམིགས་འཆར་འགོད་དེ་ངེས་པར་དུ་ཕན་ཚུན་མཐུན་སྦྱོར་བྱེད་དགོས་པ་མ་ཟད། ཞིབ་ཕྲའི་འཆར་འགོད་དང་འབྲེལ་མཐུད་ཀྱང་བྱེད་དགོས།
དོན་ཚན་དགུ་པ། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་བཟོ་བར་ངེས་པར་དུ་སྐྱེ་ཁམས་དམིགས་བསལ་གྱིས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་འབྱུང་འཕྲོད་དང་རྒྱུན་མཐུད་ངང་གོང་འཕེལ་གཏོང་བ་དང་། ཞིང་ལས་དང་། སྐྱེ་ཁམས། གྲོང་ཁྱེར་དང་གྲོང་རྡལ་སོགས་ཀྱི་བྱེད་ནུས་བར་སྟོང་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གཅིག་གྱུར་བཀོད་སྒྲིག་བྱེད་པ། རྒྱལ་ཁབ་ས་ཆའི་བར་སྟོང་གི་གྲུབ་ཆ་དང་བཀོད་པ་ལེགས་སུ་གཏོང་བ། འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་གཞི་ཁྱོན་དང་། རྨོ་ཞིང་བདག་ཡོད་གྲངས་ཚད། གསར་སྦོལ་གཏན་འགོག་གི་ཁྱབ་ཁོངས་སོགས་ཀྱི་བླང་བྱ་ཁ་གསལ་བཟོ་བ། རྨོ་ཞིང་དང་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་མཚམས་བཅས་དབྱེ་འབྱེད་གཏན་འཁེལ་བྱས་ནས་རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།
དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།
ཁྲིམས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས་པའི་ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)གྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་དེ། རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་བཟོ་འགོད་སྒྲིག་འཛུགས་བྱས་ནས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།
ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་རྫོང(ཆུད་དང་གྲོང་ཁྱེར)གི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་གཞན་དག་དེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་བཟོ་འགོད་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།
ཤང་དང་གྲོང་རྡལ་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་དེ་ལོགས་སུ་བཟོ་འགོད་བྱས་ན་འགྲིག་ལ། རྫོང(ཆུད་དང་གྲོང་ཁྱེར)གི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་ནང་བཅུག་ནས་ཟླ་སྒྲིལ་བཏང་སྟེ་བཟོ་འགོད་བྱེད་པའམ་ཡང་ན་ཤང་དང་གྲོང་རྡལ་མང་པོ་ཚན་པར་བྱས་ནས་གཅིག་གྱུར་ཐོག་བཟོ་འགོད་བྱས་ནའང་འགྲིག ཤང་དང་གྲོང་རྡལ་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་དེ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)ལ་ཆོག་མཆན་ཞུ་དགོས།
དོན་ཚན་བཅུ་གཅིག་པ། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་མཚམས་ནང་གི་ཞིབ་ཕྲའི་འཆར་འགོད་དེ། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་ཡང་ན་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་བཟོ་འགོད་སྒྲིག་འཛུགས་བྱས་ཏེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།
གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་མཚམས་ཕྱིའི་གྲོང་གསེབ་ས་ཁུལ་དེ་རིགས། སྲིད་འཛིན་གྲོང་ཚོ་གཅིག་གམ་འགའ་ཞིག་ཚན་པར་བྱས་ནས་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གྲོང་སྡེའི་འཆར་འགོད་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུ་དེ་ཞིབ་ཕྲའི་འཆར་འགོད་དུ་བརྩིས་ནས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།
གྲོང་སྡེའི་འཆར་འགོད་དེ་ངེས་པར་དུ་ཞིང་ལས་ཐོན་སྐྱེད་དང་། གྲོང་མིའི་སྡོད་ཁང་། སྤྱི་པའི་ཞབས་ཞུ། གྲོང་གསེབ་ཀྱི་ཐོན་ལས་སོགས་ཀྱི་བཀོད་པ་ལུགས་མཐུན་བཟོ་སྒྲིག་བྱེད་དགོས་པ་དང་། གྲོང་མིའི་སྡོད་ཁང་ཐད་སྤྱོད་པའི་ས་ཆ་དང་གྲོང་གསེབ་ཀྱི་ཐོན་ལས་ཐད་སྤྱོད་པའི་ས་ཆའི་གཞི་ཁྱོན་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་དགོས་པ། དེ་བཞིན་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་རྒྱག་པ་དང་། གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་སོགས་ཐད་ཀྱི་ལུགས་མཐུན་ས་ཆའི་དགོས་མཁོར་གཅིག་གྱུར་འཆར་འགོད་ཀྱིས་འགན་ལེན་བྱེད་དགོས།
དོན་ཚན་བཅུ་གཉིས་པ། ཆེད་དམིགས་འཆར་འགོད་བྱེད་པར་ངེས་པར་དུ་དམིགས་བསལ་གྱི་བྱེད་ནུས་མངོན་དགོས་པ་དང་། རྒྱལ་ཁབ་ས་ཆའི་བར་སྟོང་གི་དམིགས་བསལ་ས་ཁོངས་དང་། དམིགས་བསལ་གྱི་འབབ་རྒྱུད། དམིགས་བསལ་གྱི་ཁྱབ་ཁོངས་བཅས་གསར་སྤེལ་དང་། སྲུང་སྐྱོབ། བེད་སྤྱོད་བཅས་བྱེད་པར་ཆེད་དམིགས་བཀོད་སྒྲིག་བྱེད་དགོས།
འབྲེལ་ཡོད་ཆེད་དོན་འཆར་འགོད་དེ་རང་བྱུང་ཐོན་ཁུངས་སམ་ཡང་ན་དེ་མཚུངས་ཀྱི་གཙོ་འགན་སྡེ་ཚན་གྱིས་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུ་མ་ཟད་གཏན་འབེབས་གཞིར་བཟུང་ཆོག་མཆན་ཡང་ཞུ་དགོས།
སྲིད་འཛིན་ས་ཁོངས(འབབ་རྒྱུད)བརྒལ་བའི་རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་དེ་གནས་སའི་ས་ཁོངས་སམ་ཡང་ན་འབྲེལ་ཡོད་ས་གནས་ཀྱི་རང་ལས་རིམ་པ་གཅིག་གིས་མཐོ་བའི་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ནས་ཐུན་མོང་ཐོག་བཟོ་འགོད་སྒྲིག་འཛུགས་བྱས་ཏེ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།
དོན་ཚན་བཅུ་གསུམ་པ། ཁྲིམས་ལྟར་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་དེ་ངེས་པར་དུ་ལག་བསྟར་ནན་པོ་བྱེད་དགོས་པ་ལས། ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་རང་འཚམ་གྱིས་བཟོ་བཅོས་རྒྱག་མི་ཆོག བཟོ་བཅོས་དངོས་འབྲེལ་རྒྱག་དགོས་ཚེ། དེ་སྔའི་བཟོ་འགོད་ལས་ཁུངས་ཀྱིས་བཟོ་བཅོས་རྒྱག་རྒྱུ་སྒྲིག་འཛུགས་བྱས་ནས་དེ་སྔའི་ཆོག་མཆན་སྤྲོད་མཁན་ལས་ཁུངས་ལ་ཆོག་མཆན་ཞུ་དགོས།
རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་ལ་བཟོ་བཅོས་དངོས་འབྲེལ་རྒྱག་དགོས་ཚེ། ངེས་པར་དུ་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་དང་མཐུན་དགོས་པ་སྟེ།
(གཅིག)རྒྱལ་ཁབ་ཀྱི་འཐབ་ཇུས་དང་གལ་ཆེའི་སྲིད་ཇུས་ལེགས་སྒྲིག་བྱས་པ་དང་།
(གཉིས)སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལེགས་སྒྲིག་བྱས་པ།
(གསུམ)རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ནུས་རྒྱུ་དང་། འགྲིམ་འགྲུལ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་བཅས་དང་དེ་བཞིན་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་གཞན་དག་གི་དགོས་མཁོ།
(བཞི)རྒྱལ་ཁབ་ཀྱི་བདེ་འཇགས་དང་། དེ་བཞིན་གལ་ཆེའི་རྒྱལ་སྲུང་དང་། དམག་དོན། ཉེན་སྐྱོབ་གེགས་སེལ་སོགས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་འཛུགས་སྐྲུན་གྱི་དགོས་མཁོ།
(ལྔ)བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་སམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཟོ་བཅོས་རྒྱག་དགོས་འདུག་སྙམ་པའི་གནས་ཚུལ་གཞན་དག་བཅས་སོ།
རྒྱལ་ཁབ་ས་ཆའི་བར་སྟོང་གི་ཞིབ་ཕྲའི་འཆར་འགོད་དང་འབྲེལ་ཡོད་ཆེད་དམིགས་འཆར་འགོད་བཟོ་བཅོས་རྒྱག་རྒྱུའི་ཞིབ་ཕྲའི་ཆ་རྐྱེན་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱ་རྒྱུ།
དོན་ཚན་བཅུ་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིམ་པ་དེ་གའི་རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་གཞིར་བཟུང་བཀོད་སྒྲིག་བྱས་ཏེ་ས་ཆ་བེད་སྤྱོད་ཀྱི་ལོ་འཁོར་འཆར་འགོད་གཏན་འཁེལ་བྱེད་དགོས། ས་ཆ་བེད་སྤྱོད་ཀྱི་ལོ་འཁོར་འཆར་འགོད་ནང་གསར་དུ་བསྣན་པའི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་འཆར་གཞིའི་དམིགས་ཚད་དང་། ས་ཆ་བཅོས་སྒྲིག་བྱས་ནས་རྨོ་ཞིང་ཁ་གསབ་བྱེད་པའི་འཆར་གཞིའི་དམིགས་ཚད། རྨོ་ཞིང་བདག་ཡོད་གྲངས་ཚད་ཀྱི་འཆར་གཞིའི་དམིགས་ཚད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་སྣོན་འཕྲི་ཟུང་སྦྲེལ་གྱི་དམིགས་ཚད། བཟོ་གཏེར་གྱི་བེད་མེད་ས་ཆ་བསྐྱར་སྦོལ་བེད་སྤྱོད་ཀྱི་དམིགས་ཚད་སོགས་ཚུད་ཡོད།
ས་ཆ་བེད་སྤྱོད་ཀྱི་ལོ་འཁོར་འཆར་འགོད་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རྒྱལ་སྲུང་དང་། དམག་དོན། ནུས་རྒྱུ། འགྲིམ་འགྲུལ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་དང་། དམངས་འཚོའི་རྣམ་གྲངས་གལ་ཆེན། ཐོན་ལས་རྣམ་གྲངས་གལ་ཆེན་བཅས་ཀྱི་ཐད་སྤྱོད་པའི་ས་ཆ་སྔོན་ལ་འགན་སྲུང་བྱ་རྒྱུ་མ་ཟད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་དང་གྲོང་གསེབ་ཀྱི་ཁང་སའི་ཐད་བཀོད་སྒྲིག་ལུགས་མཐུན་ཀྱང་བྱེད་དགོས།
ས་ཆ་བེད་སྤྱོད་ཀྱི་ལོ་འཁོར་འཆར་འགོད་ནང་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་གཏན་འཁེལ་བྱེད་སྐབས་ངེས་པར་དུ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་སྤྱི་འབོར་ཚོད་འཛིན་བྱས་ཏེ། རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་དང་། རྒྱལ་ཁབ་ཀྱི་ས་ཁོངས་སྲིད་ཇུས། ཐོན་ལས་ཀྱི་སྲིད་ཇུས། ས་ཆ་མཁོ་འདོན་གྱི་སྲིད་ཇུས་བཅས་དང་མཐུན་དགོས་ཤིང་། བླང་བྱ་དང་མི་མཐུན་ཚེ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་གསར་སྣོན་བྱེད་པའི་འཆར་གཞིའི་དམིགས་ཚད་བཀོད་སྒྲིག་བྱེད་མི་ཆོག
ལེའུ་གསུམ་པ། རྨོ་ཞིང་སྲུང་སྐྱོབ།
དོན་ཚན་བཅོ་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་དང་ས་ཆ་བེད་སྤྱོད་ཀྱི་ལོ་འཁོར་འཆར་གཞི་ལག་བསྟར་ནན་པོ་དང་། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་། རྨོ་ཞིང་དེ་རྨོ་ཞིང་མིན་པར་བསྒྱུར་རིགས་ཚོད་འཛིན་ནན་པོ་བཅས་བྱས་ཏེ། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྨོ་ཞིང་སྤྱི་འབོར་ཉུང་དུ་མི་འགྲོ་བ་དང་སྤུས་ཚད་ཞན་དུ་མི་འགྲོ་བའི་འགན་ལེན་བྱེད་དགོས།
རྨོ་ཞིང་གི་སྤྱི་འབོར་ཉུང་དུ་སོང་བའམ་ཡང་ན་སྤུས་ཚད་ཞན་དུ་སོང་རིགས་ལ་གོང་རིམ་མི་དམངས་སྲིད་གཞུང་གིས་བཀའ་བཏང་ནས་གཏན་འབེབས་དུས་བཀག་ནང་སྒྲིག་འཛུགས་གསར་སྦོལ་ལམ་ཡང་ན་བཅོས་སྒྲིག་བྱེད་དུ་འཇུག་རྒྱུ། གསར་སྦོལ་དང་བཅོས་སྒྲིག་བྱས་པའི་རྨོ་ཞིང་ལ་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་རྩིས་ལེན་བྱེད་དགོས།
ས་ཆའི་ཐོན་ཁུངས་དཀོན་པའི་རྐྱེན་གྱིས་གསར་སྦོལ་བྱས་པའི་རྨོ་ཞིང་གྲངས་འབོར་དེས་བཟུང་སྤྱོད་བྱས་པའི་རྨོ་ཞིང་འབོར་གྲངས་ལྟར་ཁ་གསབ་བྱེད་མི་ཐུབ་པའི་ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་རྫོང(ཆུད་དང་གྲོང་ཁྱེར)གིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ས་ཆ་གཞན་དུ་སྤུས་འབོར་གཉིས་ཀ་འདྲ་མཚུངས་ཀྱི་རྨོ་ཞིང་གསར་སྦོལ་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པའི་སྤྱི་འགན་འཁུར་རྒྱུ་དང་། དེའི་འགན་འཁུར་བ་གཙོ་བོ་ནི་སྲིད་འཛིན་ས་ཁོངས་དེ་གའི་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་འགན་འཁུར་བ་ཨང་དང་པོ་ཡིན།
རང་སྐྱོང་ལྗོངས་ཀྱིས་རྨོ་ཞིང་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་འཛུགས་རྒྱུ། གོང་རིམ་མི་དམངས་སྲིད་གཞུང་གིས་འོག་རིམ་མི་དམངས་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོབ་འགན་འཁྲིའི་དམིགས་ཚད་དོན་འཁྱོལ་བྱས་ཚུལ་ལ་དུས་བཀག་ཐོག་སྒྲིག་འཛུགས་དཔྱད་ཞིབ་བྱ་རྒྱུ་དང་། དཔྱད་ཞིབ་བྱས་འབྲས་དེ་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དམིགས་ཚད་གདེང་འཇོག་དཔྱད་ཞིབ། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ། འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་དང་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ལས་བྲལ་རྩིས་བཤེར་སོགས་བྱེད་པའི་གལ་ཆེའི་གཞི་འཛིན་སར་བརྩི་དགོས།
དོན་ཚན་བཅུ་བདུན་པ། རང་སྐྱོང་ལྗོངས་ཀྱིས་རྨོ་ཞིང་བཟུང་སྤྱོད་བྱས་པར་གསབ་བཟོའི་ལམ་ལུགས་ལག་བསྟར་བྱ་རྒྱུ། ཞིང་ལས་མིན་པའི་འཛུགས་སྐྲུན་རྣམ་གྲངས་ལ་ཁྲིམས་ལྟར་ཆོག་མཆན་ཐོབ་ནས་རྨོ་ཞིང་བཟུང་སྤྱོད་བྱས་རིགས་ལ། “ཇི་ཙམ་བཟུང་སྤྱོད་བྱས་པར་དེ་ཙམ་གྱིས་གསར་སྦོལ་བྱེད་པའི”རྩ་དོན་གཞིར་བཟུང་རྨོ་ཞིང་བཟུང་སྤྱོད་བྱེད་མཁན་ཚན་པས་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་སྤུས་འབོར་འདྲ་མཚུངས་ཀྱི་རྨོ་ཞིང་གསར་སྦོལ་བྱེད་འགན་འཁུར་དགོས་ཤིང་། མང་བཟུང་ཉུང་གསབ་དང་བཟང་བཟུང་ཞན་གསབ་བྱེད་མི་ཆོག
གསར་སྦོལ་གྱི་ཆ་རྐྱེན་མ་འཛོམས་པའམ་ཡང་ན་གསར་སྦོལ་བྱས་པའི་རྨོ་ཞིང་གི་བླང་བྱ་དང་མི་མཐུན་ཚེ། ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྨོ་ཞིང་གསར་སྦོལ་བྱེད་གྲོན་འཇལ་དགོས་པ་དང་ཆེད་སྤྱོད་མ་དངུལ་རྣམས་རྨོ་ཞིང་གསར་སྦོལ་བྱ་རྒྱུར་སྤྱོད་དགོས། རྨོ་ཞིང་གསར་སྦོལ་བྱེད་པར་མཁོ་བའི་མ་དངུལ་ལམ་ཡང་ན་བསྡུ་འཇལ་བྱས་པའི་རྨོ་ཞིང་གསར་སྦོལ་བྱེད་གྲོན་དེ་འཛུགས་སྐྲུན་གྱི་མ་གནས་སུ་བརྩིས་ནས། འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་མ་འཇོག་ཁོངས་སུ་འཇུག་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་གོང་འཕེལ་བསྒྱུར་བཅོས་གཙོ་འགན་སྡེ་ཚན་དང་མཉམ་དུ་ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)ཁག་གི་ས་ཆ་བཅོས་སྒྲིག་བྱས་ནས་གསར་འཕར་རྨོ་ཞིང་གི་ཆ་སྙོམས་མ་གནས་དང་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་རིགས་གྲས་དང་སྤུས་ཚད་ཀྱི་གནས་ཚུལ་ལ་གཞིགས་ཏེ། ཁྱད་པར་ཅན་གྱི་རྨོ་ཞིང་གསར་སྦོལ་གྲོན་དངུལ་གྱི་ཚད་གཞིར་ཚོད་རྩིས་བརྒྱབ་ནས་བཟོ་དགོས། ཁྲིམས་ལྟར་ཆོག་མཆན་སྤྲད་དེ་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་བཟུང་སྤྱོད་བྱས་རིགས་ལ། གྲོན་དངུལ་འཇལ་ཚད་དེ་ས་གནས་དེ་གའི་རྨོ་ཞིང་གསར་སྦོལ་གྲོན་དངུལ་གྱི་ཚད་གཞི་མཐོ་ཤོས་ཀྱི་ལྡབ་གཉིས་གཞིར་བཟུང་ལག་བསྟར་བྱ་རྒྱུ།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ། ཡུན་གནས་ཀྱི་གཞི་རྩའི་ས་ཞིང་ཁྲིམས་ལྟར་དབྱེ་འབྱེད་གཏན་འཁེལ་བྱས་རྗེས་ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་རང་འཚམ་ངང་བཟུང་སྤྱོད་དམ་ཡང་ན་སྤྱོད་སྒོ་སྒྱུར་མི་ཆོག
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ནས་གཤམ་སྤེལ་བྱས་པའི་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཚད་ཀྱི་ལས་འགན་གཞིར་བཟུང་། རིམ་པ་བཞིན་ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་རྫོང(ཆུད་དང་གྲོང་ཁྱེར)གི་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཚད་དང་ལས་འགན་ཁག་བགོས་གཤམ་སྤྲོད་བྱེད་དགོས།
དོན་ཚན་བཅུ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་ཁོངས་གཏོགས་ཕུད་པའི་རྨོ་ཞིང་སྤུས་ལེགས་ཁྲོད་ནས་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་གྲབས་འཇོག་ཁུལ་དབྱེ་བཅད་བྱས་ཏེ་དེ་གསབ་འཇལ་བྱེད་པའི་རྗེས་གྲབས་ཐོན་ཁུངས་སུ་བརྩི་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་ཚང་མ་ཚད་གཞི་མཐོ་བའི་ས་ཞིང་ལ་རིམ་པས་འཛུགས་སྐྲུན་བྱེད་དགོས།
ཁྲིམས་ལྟར་ཆོག་མཆན་ཐོབ་ནས་ཚད་གཞི་མཐོ་བའི་ས་ཞིང་བཟུང་སྤྱོད་བྱས་ཚེ། བཟུང་སྤྱོད་བྱེད་མཁན་ཚན་པས་དེའི་ཚད་གཞི་དང་བཟུང་སྤྱོད་བྱས་འབོར་གཞིར་བཟུང་སྐྱིན་གསབ་ཞིང་ཁ་བཟོ་དགོས་ཤིང་། དེ་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་ལག་རྩལ་གྱི་མཛུབ་ཁྲིད་བྱེད་དགོས་པ་དང་ལས་མཇུག་སྒྲིལ་རྗེས་ཞིབ་བཤེར་རྩིས་ལེན་བྱེད་འགན་འཁུར་རྒྱུ།
དོན་ཚན་ཉི་ཤུ་པ། ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་རྨོ་ཞིང་བེད་མེད་དུ་འཇོག་མི་ཆོག་ལ་རེངས་སུའང་འཇུག་མི་ཆོག
ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་གཉེར་ཟིན་པའི་ཞིང་ལས་མིན་པའི་འཛུགས་སྐྲུན་ཐད་བཟུང་སྤྱོད་བྱས་པའི་རྨོ་ཞིང་རིགས་ལོ་གཅིག་ནང་བེད་སྤྱོད་མ་བྱས་ཤིང་རྨོ་འདེབས་ཐུབ་ལ་ཐོན་འབབ་བསྡུ་ཐུབ་པའི་རིགས་ཡིན་ཚེ། ངེས་པར་དུ་དེ་སྔའི་རྨོ་འདེབས་བྱེད་མཁན་མཉམ་སྡེབ་བམ་མི་སྒེར་གྱིས་རྨོ་འདེབས་སླར་གསོ་བྱེད་དགོས་ལ། ས་ཆ་སྤྱོད་མཁན་ཚན་པས་ཀྱང་རྨོ་འདེབས་བྱེད་དུ་བཅུག་ན་འགྲིག ལོ་གཅིག་ཡན་འཛུགས་སྐྲུན་ལས་འགོ་མ་བཙུགས་ཚེ་ངེས་པར་དུ་གཏན་འབེབས་གཞིར་བཟུང་བེད་མེད་དུ་བཞག་པའི་གྲོན་དངུལ་འཇལ་དགོས། ལོ་གཉིས་བསྟུད་མར་བེད་སྤྱོད་མ་བྱས་ཚེ་དེ་སྔའི་ཆོག་མཆན་འགོད་མཁན་ལས་ཁུངས་ཀྱི་ཆོག་མཆན་ཐོབ་རྗེས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ས་ཆ་སྤྱོད་མཁན་ཚན་པའི་ས་ཆ་སྤྱོད་དབང་རིན་མེད་ཐོག་ཡར་བསྡུ་རྒྱུ། ས་ཆ་དེ་དེ་སྔ་མཉམ་སྡེབ་ལ་དབང་བ་ཡིན་ཚེ་ངེས་པར་དུ་དེ་སྔའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་རྨོ་འདེབས་སླར་གསོ་བྱ་རྒྱུར་སྤྲོད་དགོས།
དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་ཀྱིས་རྨོ་ཞིང་སྲུང་སྐྱོབ་ཀྱི་སྐྱིན་གསབ་སྤྲོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ། རིམ་ཁག་མི་དམངས་སྲིད་གཞུང་གིས་ནོར་སྲིད་མ་དངུལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ“སུས་སྲུང་སྐྱོབ་བྱས་ན་དེར་ཁེ་ཕན་ཐོབ་པའི”རྩ་དོན་གཞིར་བཟུང་། རྨོ་ཞིང་སྲུང་སྐྱོབ་ཀྱི་ལས་འགན་འཁུར་མཁན་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་ཞིང་དུད་སོགས་ལ་སྐྱིན་གསབ་བྱ་དགའ་སྤྲོད་རྒྱུ།
དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ནང་གཏན་འཁེལ་བྱས་པའི་ས་ཆ་གསར་སྦོལ་ཁུལ་དུ་བེད་སྤྱོད་བྱེད་དབང་གཏན་འཁེལ་བྱས་མེད་པའི་གཞུང་ལ་དབང་བའི་རི་རྒོད་དང་། ས་རྒོད། གྲམ་ཐང་བཅས་གསར་སྤེལ་བྱས་ནས་འདེབས་འཛུགས་ལས་རིགས་དང་། ནགས་ལས། ཕྱུགས་ལས། ཉ་ལས་བཅས་ཐོན་སྐྱེད་གསར་སྤེལ་བྱེད་དགོས་ཚེ། ངེས་པར་དུ་ས་ཆ་གནས་སའི་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ལ་རེ་འདུན་ཞུ་དགོས་པ་དང་། ཞིབ་གཏན་འཁེལ་རྗེས་ཆོག་མཆན་འགོད་དབང་ཡོད་མཁན་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས། གསར་སྤེལ་བྱས་རྗེས་ཀྱི་ས་ཆ་ཁྲིམས་ལྟར་གསར་སྤེལ་ཚན་པའམ་མི་སྒེར་ལ་བེད་སྤྱོད་ཡུན་རིང་བྱ་རྒྱུར་སྤྲོད་རྒྱུའི་གཏན་འཁེལ་བྱས་ཆོག་མོད། འོན་ཀྱང་ས་ཆའི་སྤྱོད་སྒོ་རང་དགར་སྒྱུར་མི་ཆོག
གོང་འཁོད་ནང་གསེས་ཀྱིས་གཏན་ལ་ཕབ་པའི་ས་ཆ་གསར་སྤེལ་བྱེད་པར་གཤམ་གསལ་གྱི་གཏན་འབེབས་གཞིར་བཟུང་ཞིབ་མཆན་འགོད་དགོས་པ་སྟེ།
(གཅིག)ཐེངས་གཅིག་རང་ལ་ས་ཆ་སྤྱི་ཆིང་སུམ་ཅུ་མན་གསར་སྤེལ་བྱེད་དགོས་ཚེ། རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲོད་རྒྱུ་དང་།
(གཉིས)ཐེངས་གཅིག་རང་ལ་སྤྱི་ཆིང་སུམ་ཅུ་ཡན་ནས་དྲུག་ཅུ་མན་གསར་སྤེལ་བྱེད་དགོས་ཚེ། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)ནས་ཆོག་མཆན་སྤྲོད་རྒྱུ།
(གསུམ)ཐེངས་གཅིག་རང་ལ་སྤྱི་ཆིང་དྲུག་ཅུ་ཡན་གསར་སྤེལ་བྱེད་དགོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲོད་རྒྱུ་བཅས་སོ།
དོན་ཚན་ཉེར་གསུམ་པ། རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་ལས་དང་། སྐྱེ་ཁམས། གྲོང་ཁྱེར་གྲོང་རྡལ་སོགས་ཀྱི་བྱེད་ནུས་བར་སྟོང་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱི་བླང་བྱ་གཞིར་བཟུང་། ས་ཆ་ལེགས་སྒྲིག་གི་ཇུས་གཞི་བཟོ་སྒྲིག་བྱས་ཏེ་རྨོ་ཞིང་སྲུང་སྐྱོབ་དང་ས་ཆ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
རྫོང(ཆུད་དང་གྲོང་ཁྱེར)དང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སྒྲིག་འཛུགས་བྱས་ཏེ། ས་ཆ་ལེགས་སྒྲིག་ཇུས་གཞི་ལག་བསྟར་བྱས་ནས་ཐོན་འབབ་དམའ་འབྲིང་གི་ས་ཞིང་དམིགས་བསལ་གྱིས་སྔོན་ལ་བསྒྱུར་བཀོད་བྱ་རྒྱུ་དང་། འཆར་གཞི་ཡོད་པའི་སྒོ་ནས་བེད་མེད་ཁ་ཐོར་དུ་ལུས་པའི་ས་ཆ་དང་བེད་མེད་དུ་ལུས་པའི་ས་ཆ་ལེགས་བཅོས་དང་བསྒྱུར་བཀོད་བྱས་ཏེ་རྨོ་ཞིང་གི་སྤུས་ཀ་ལེགས་སུ་གཏོང་བ་དང་། ནུས་ལྡན་གྱི་རྨོ་ཞིང་རྒྱ་ཁྱོན་ཆེ་རུ་གཏོང་དགོས། ས་ཆ་ལེགས་སྒྲིག་གསར་སྣོན་བྱས་པའི་རྨོ་ཞིང་རྣམས་འཛུགས་སྐྲུན་ཐད་བཟུང་སྤྱོད་བྱེད་པའི་རྨོ་ཞིང་གི་ཁ་གསབ་ཏུ་སྤྱད་ཆོག
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁ་གསབ་བྱ་རྒྱུའི་རྨོ་ཞིང་ལ་ཞིབ་བཤེར་རྩིས་ལེན་དང་། སྒྲུག་བཤེར། བསྐྱར་ཞིབ་བཅས་བྱེད་དགོས།
སྤྱི་ཚོགས་ཀྱི་བྱེད་པོ་ཁྲིམས་ལྟར་ས་ཆ་ལེགས་སྒྲིག་བྱེད་པའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ།
དོན་ཚན་ཉེར་བཞི་པ། སྔོག་སྐྱོན་དང་། རྡིབ་ཉིལ། བཟུང་བཅད། གནས་སྐབས་ས་ཆ་བེད་སྤྱོད་སོགས་ཀྱི་རྐྱེན་པས་ས་ཆར་གཏོར་སྐྱོན་བཟོས་རིགས། ས་ཆ་སྤྱོད་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་ཁྲིམས་ལྟར་ས་ཆ་བསྐྱར་སྦོལ་བྱ་རྒྱུའི་འོས་འགན་སྒྲུབ་དགོས། བསྐྱར་སྦོལ་བྱས་པའི་ས་ཆ་རྣམས་དམིགས་བསལ་གྱིས་སྔོན་ལ་ཞིང་ལས་ཐད་སྤྱོད་དགོས།
བསྐྱར་སྦོལ་བྱེད་པའི་ཆ་རྐྱེན་མེད་པའམ་ཡང་ན་བསྐྱར་སྦོལ་བྱས་ཀྱང་བླང་བྱ་དང་མི་མཐུན་ཚེ། ས་ཆ་སྤྱོད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་ས་ཆ་བསྐྱར་སྦོལ་བྱས་གྲོན་འཇལ་དགོས་པ་དང་། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་དེའི་ཚབ་བྱས་ཏེ་བསྐྱར་སྦོལ་སྒྲིག་འཛུགས་བྱ་རྒྱུ་དང་། སླར་གསོ་བྱེད་ཐབས་བྲལ་ནས་གྱོང་གུན་བཟོས་ཚེ་ངེས་པར་དུ་བབ་མཚུངས་ཀྱི་སྐྱིན་ཚབ་འཇལ་འགན་འཁུར་དགོས།
ལོ་རྒྱུས་ཐོག་ནས་གཏོར་སྐྱོན་ཕོག་པའི་ས་ཆ་དང་རང་བྱུང་གནོད་འཚེས་གཏོར་སྐྱོན་སོང་སྟེ་ལུས་པའི་ས་ཆ་རྣམས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མ་དངུལ་བཏང་ནས་བསྐྱར་སྦོལ་བྱེད་དགོས་པའམ་ཡང་ན“སུས་མ་དངུལ་བཏང་ན་དེར་ཁེ་ཕན་ཐོབ་པའི”རྩ་དོན་གཞིར་བཟུང་སྤྱི་ཚོགས་ཀྱི་མ་འཇོག་འགུག་ཐབས་བྱས་ཏེ་བསྐྱར་སྦོལ་བྱེད་དགོས།
དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱས་ནས། རྨོ་ཞིང་གི་སྤུས་ཚད་ལ་ལྟ་ཞིབ་ཚོད་སྐོར་བྱེད་པའི་ལམ་ལུགས་འཛུགས་པ་དང་། རྨོ་ཞིང་གི་སྤུས་ཚད་ལེགས་སུ་གཏོང་བའི་ཇུས་གཞི་བཟོ་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྨོ་ཞིང་འདེབས་ལས་ས་རིམ་གྱི་ས་རྒྱུ་སྲུང་སྐྱོབ་ནན་པོ་དང་བེད་སྤྱོད་གང་ལེགས་བྱས་ཏེ། ཁྲིམས་ལྟར་འཛུགས་སྐྲུན་ལ་རྨོ་ཞིང་འདེབས་ལས་ས་རིམ་གྱི་ས་རྒྱུ་བེད་སྤྱོད་བྱ་རྒྱུར་བཀོད་སྒྲིག་ལུགས་མཐུན་བྱེད་དགོས།
ཞིང་ལས་མིན་པའི་འཛུགས་སྐྲུན་གྱིས་ཁྲིམས་ལྟར་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་བཟུང་སྤྱོད་བྱས་ཚེ། ངེས་པར་དུ་རྨོ་འདེབས་ས་རིམ་བཤུས་ནས་ཡང་བསྐྱར་བེད་སྤྱོད་བྱ་རྒྱུའི་ཇུས་གཞི་བཟོ་དགོས་ཤིང་། འཛུགས་སྐྲུན་ཚན་པས་རྣམ་གྲངས་ལས་འགོ་མ་བརྩམས་གོང་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་འདེབས་ལས་ས་རིམ་གྱི་ས་རྒྱུ་སྔོག་བཤུ་ཉར་འཇོག་བྱས་ནས་དེ་གཏན་འབེབས་ལྟར་གསར་སྦོལ་རྨོ་ཞིང་དང་། ས་རྒྱུ་ཞན་པའམ་ཡང་ན་རྨོ་ཞིང་གཞན་དག་ཐད་སྤྱོད་དགོས་པ་མ་ཟད། འབྲེལ་ཡོད་འགྲོ་གྲོན་རྣམས་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་འཇོག་སྔོན་རྩིས་ནང་འཇུག་དགོས།
རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་རྨོ་འདེབས་ས་རིམ་གྱི་ས་རྒྱུ་བཤུས་ནས་བསྐྱར་སྤྱོད་བྱ་རྒྱུར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས། རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་རྨོ་ཞིང་གི་འདེབས་ལས་ས་རིམ་རྩད་ཞིབ་བརྟག་དཔྱད་དང་། ས་རྒྱུ་སྔོག་བཤུ་བེད་སྤྱོད་ལག་རྩལ་གྱི་ཁྲིད་སྟོན་བྱེད་འགན་འཁུར་རྒྱུ་མ་ཟད། རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཞིབ་བཤེར་རྩིས་ལེན་གྱི་ལས་ཀ་ཡག་པོ་སྒྲུབ་དགོས།
ལེའུ་བཞི་པ། འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ།
ས་བཅད་དང་པོ། སྤྱིར་བཏང་གི་གཏན་འབེབས།
དོན་ཚན་ཉེར་དྲུག་པ། འཛུགས་སྐྲུན་ཐད་ས་ཆ་བཟུང་སྤྱོད་བྱེད་སྐབས། ངེས་པར་དུ་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་། ས་ཆ་བེད་སྤྱོད་ཀྱི་ལོ་འཁོར་འཆར་གཞི། སྤྱོད་སྒོ་བདག་སྡོམ། དེ་བཞིན་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་བླང་བྱ་དང་མཐུན་དགོས་པ་མ་ཟད། ཁྲིམས་བཀོད་དབང་ཚད་དང་གོ་རིམ་གཞིར་བཟུང་སྙན་སེང་ཆོག་མཆན་ཞུ་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ས་ཆ་བེད་སྤྱོད་པའི་ལོ་རེའི་འཆར་གཞི་གཞིར་བཟུང་ས་གནས་དེ་གའི་ལོ་འཁོར་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་མཁོ་འདོན་བྱེད་པའི་སྤྱི་འབོར་དང་། གྲུབ་ཆ། བཀོད་པ། དུས་རིམ་དང་བྱེད་སྟངས་སོགས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས།
དོན་ཚན་ཉེར་བདུན་པ། འཛུགས་སྐྲུན་ལ་ས་ཆ་བཟུང་སྤྱོད་བྱེད་སྐབས་ཞིང་སྤྱོད་ས་ཆ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བསྒྱུར་དགོས་ཚེ། ངེས་པར་དུ་ཁྲིམས་བཞིན་ཞིང་སྤྱོད་ས་ཆ་གཞན་སྤྱོད་བྱེད་པའི་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་གཉེར་དགོས།
ཡུན་གནས་ཀྱི་གཞི་རྩའི་ས་ཞིང་དེ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བསྒྱུར་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཆོག་མཆན་ཞུ་དགོས།
རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་ནང་གཏན་འཁེལ་བྱས་པའི་གྲོང་ཁྱེར་དང་། གྲོང་ཚོ། གྲོང་རྡལ་བཅས་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྱབ་ཁོངས་སུ། འཆར་འགོད་དེ་ལག་བསྟར་བྱེད་ཆེད་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་ཕུད་པའི་ཞིང་སྤྱོད་ས་ཆ་རྣམས་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བསྒྱུར་དགོས་རིགས། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་ཡང་ན་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ཏེ་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་ཀྱི་ཇུས་གཞི་བཟོས་རྗེས། གཤམ་གསལ་གྱི་གཏན་འབེབས་གཞིར་བཟུང་ཆོག་མཆན་འགོད་དབང་ཡོད་མཁན་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་སྟེ།
(གཅིག)རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་བཀོད་པ་ཞིག་ཡིན་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་བའམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་ཆ་བསྐུར་བ་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཆོག་མཆན་ཐོབ་དགོས་པ་དང་།
(གཉིས)རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཆོག་མཆན་བཀོད་པ་ཞིག་ཡིན་ན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་བའམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དབང་ཆ་བསྐུར་བ་གཞིར་བཟུང་ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)ནས་ཆོག་མཆན་ཐོབ་དགོས།
དོན་ཚན་ཉེར་བརྒྱད་པ། འཛུགས་སྐྲུན་རྣམ་གྲངས་ལ་རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་ཐོག་གཏན་འཁེལ་བའི་གྲོང་ཁྱེར་དང་། གྲོང་ཚོ། གྲོང་རྡལ་བཅས་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་གཞི་ཁྱོན་ཕུད་པའི་ཞིང་སྤྱོད་ས་ཆ་དངོས་འབྲེལ་བཟུང་སྤྱོད་བྱེད་དགོས་པ་དང་། ཡུན་གནས་ཀྱི་གཞི་རྩའི་ས་ཞིང་བཟུང་སྤྱོད་བྱ་རྒྱུ་དང་འབྲེལ་བ་མེད་རིགས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་དཔྱད་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས་པའམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་ཆ་བསྐུར་བ་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཆོག་མཆན་ཐོབ་དགོས་པ་མ་ཟད། གཤམ་གསལ་གྱི་གཏན་འབེབས་གཞིར་བཟུང་འགྲོ་ལུགས་གཉེར་དགོས་པ་སྟེ།
(གཅིག)འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་མ་བཀོད་གོང་ངམ་ཡང་ན་སྙན་དཔོད་ཞུ་བའི་སྔ་རྗེས་སུ་འཛུགས་སྐྲུན་ཚན་པས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ལ་འཛུགས་སྐྲུན་རྣམ་གྲངས་ལ་མཁོ་བའི་ས་ཆར་སྔོན་གྲབས་ཞིབ་བཤེར་བྱེད་རེ་ཞུ་དགོས། གནས་ཡུལ་འདེམས་པའི་བསམ་འཆར་ཞུ་ཡིག་འབུལ་དགོས་ཚེ། རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འཛུགས་སྐྲུན་རྣམ་གྲངས་ལ་མཁོ་བའི་ས་ཆའི་གནས་ཡུལ་འདེམས་རྒྱུ་དང་ས་ཆར་སྔོན་གྲབས་ཞིབ་བཤེར་བྱ་རྒྱུ་གཉིས་ཟླ་སྒྲིལ་བཏང་ནས་གཉེར་སྒྲུབ་བྱེད་དགོས་པ་དང་། འཛུགས་སྐྲུན་རྣམ་གྲངས་ལ་མཁོ་བའི་ས་ཆར་སྔོན་གྲབས་ཞིབ་བཤེར་དང་གནས་ཡུལ་འདེམས་པའི་བསམ་འཆར་ཞུ་ཡིག་དཔྱད་སྤྲོད་བྱེད་དགོས།
(གཉིས)འཛུགས་སྐྲུན་ཚན་པས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆོག་མཆན་དང་། ཞིབ་དཔྱད་ཆོག་འཐུས་སམ་ཡང་ན་སྙན་དཔོད་ཡིག་ཆ་ཁྱེར་ནས་ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་ཡང་ན་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་ལ་འཛུགས་སྐྲུན་ཐད་མཁོ་བའི་ས་ཆ་རེ་ཞུ་བྱེད་དགོས། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་ཡང་ན་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་འཛུགས་སྐྲུན་ཚན་པས་རེ་ཞུའི་ཁྱབ་ཁོངས་ལ་གཞིགས་ནས་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་བྱ་རྒྱུའི་ཇུས་གཞི་བཟོས་ཐོག གོ་རིམ་ལྟར་ཆོག་མཆན་འགོད་དབང་ཡོད་མཁན་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།
དོན་ཚན་ཉེར་དགུ་པ། ཆོག་མཆན་ཐོབ་པའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་གཞུང་ཁོངས་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་བྱེད་དགོས་ཚེ། འཛུགས་སྐྲུན་ཚན་པས་ངེས་པར་དུ་ཆོག་མཆན་འགོད་དབང་ཡོད་མཁན་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ལ་འཛུགས་སྐྲུན་ཐད་མཁོ་བའི་ས་ཆ་སྤྲོད་རེ་ཞུ་དགོས་པ་དང་། རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།
དོན་ཚན་སུམ་ཅུ་པ། འཛུགས་སྐྲུན་རྣམ་གྲངས་ཀྱིས་གཞུང་ཁོངས་བར་སྟོང་འཆར་འགོད་ནང་གཏན་འཁེལ་བའི་གཞུང་ཁོངས་ས་ཆ་བེད་སྤྱོད་བྱས་མེད་པའི་རིགས་བཟུང་སྤྱོད་བྱེད་དགོས་ཚེ། ས་ཆ་བེད་སྤྱོད་ཀྱི་ལོ་འཁོར་འཆར་གཞིའི་ནང་གཏན་འཁེལ་བྱས་པའི་ཚོད་འཛིན་དམིགས་ཚད་ལ་གཞིགས་ནས་གཤམ་གསལ་གྱི་གཏན་འབེབས་གཞིར་བཟུང་ཞིབ་མཆན་འགོད་དགོས་པ་སྟེ།
(གཅིག)སྤྱི་ཆིང་གཉིས་ཟིན་མེད་པའི་ས་ཆ་བཟུང་སྤྱོད་བྱེད་དགོས་ཚེ། རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲོད་རྒྱུ་དང་། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་(སྲིད་འཛིན་ཀུང་ཧྲུའུ)ལ་སྙན་དཔོད་ཞུ་དགོས་པ་དང་།
(གཉིས)སྤྱི་ཆིང་གཉིས་ཡན་དང་སྤྱི་ཆིང་ལྔ་ཟིན་མེད་པའི་ས་ཆ་བཟུང་སྤྱོད་བྱེད་དགོས་ཚེ། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གིས་ཆོག་མཆན་སྤྲོད་རྒྱུ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་དཔོད་ཞུ་དགོས་པ།
(གསུམ)སྤྱི་ཆིང་ལྔ་ཡན་གྱི་ས་ཆ་བཟུང་སྤྱོད་བྱེད་དགོས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་བཅས་སོ།
རི་རྒོད་དང་། ས་རྒོད། གྲམ་ཐང་བཅས་གསར་སྤེལ་བྱེད་སྐབས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་དང་དཔྱད་དཔོག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་མི་ཆོག་པ་དང་། སྐྱེ་ཁམས་ཀྱི་ནུས་པ་གལ་ཆེན་ལྡན་ཞིང་བེད་སྤྱོད་བྱས་མེད་པའི་ས་ཆ་རྣམས་ངེས་པར་དུ་ཁྲིམས་ལྟར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་བཅུག་སྟེ་སྲུང་སྐྱོབ་ནན་པོ་བྱེད་དགོས།
དོན་ཚན་སོ་གཅིག་པ། འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་ལས་དང་ས་གཤིས་རྩད་ཞིབ་ཐད་གནས་སྐབས་ས་ཆ་བེད་སྤྱོད་བྱེད་དགོས་ཚེ། ས་ཆ་སྤྱོད་མཁན་ཚན་པས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།
གནས་སྐབས་ས་ཆ་སྤྱོད་རྒྱུར་རྨོ་ཞིང་ངམ་ཡང་ན་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་བཟུང་སྤྱོད་བྱེད་དགོས་ཚེ། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས།
གནས་སྐབས་ས་ཆ་སྤྱོད་རྒྱུའི་རེ་འདུན་ཞུ་དགོས་ཚེ་ངེས་པར་དུ་རེ་ཞུར་ཆོག་མཆན་མ་ཞུས་གོང་། ས་ཆའི་བདག་དབང་གཞིར་བཟུང་འབྲེལ་ཡོད་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ནམ་ཡང་ན་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་། གྲོང་མི་ཨུ་ཡོན་ལྷན་ཁང་བཅས་དང་གནས་སྐབས་ས་ཆ་སྤྱོད་རྒྱུའི་གན་རྒྱ་འཇོག་དགོས་པ་མ་ཟད། གན་རྒྱའི་ཁ་ཆད་བཞིན་གནས་སྐབས་ས་ཆ་བེད་སྤྱོད་བྱས་པའི་ཁ་གསབ་རིན་དངུལ་ཡང་སྤྲོད་དགོས། གནས་སྐབས་ས་ཆ་སྤྱོད་མཁན་གྱིས་ངེས་པར་དུ་གནས་སྐབས་ས་ཆ་སྤྱོད་རྒྱུའི་གན་རྒྱའི་ནང་ཁ་ཆད་བྱས་པའི་སྤྱོད་སྒོ་ལྟར་ས་ཆ་བེད་སྤྱོད་བྱེད་དགོས་པ་ལས། དེའི་ཐོག་ཡུན་གནས་ཀྱི་འཛུགས་སྐྲུན་དངོས་པོ་བཟོ་མི་ཆོག
གནས་སྐབས་ས་ཆ་སྤྱོད་རེ་ཞུ་དགོས་ཚེ་ངེས་པར་དུ་ས་ཆ་བསྐྱར་སྦོལ་གྱི་ཇུས་གཞི་བཟོ་དགོས། ས་ཆ་སྤྱོད་མཁན་གྱིས་ངེས་པར་དུ་གནས་སྐབས་ས་ཆ་བེད་སྤྱོད་བྱེད་ཡུན་ཐིམ་ཉིན་ནས་བཟུང་ལོ་གཅིག་གི་ནང་ཚུན་དུ་ས་ཆ་བསྐྱར་སྦོལ་བྱ་རྒྱུའི་ཇུས་གཞིའི་བླང་བྱ་གཞིར་བཟུང་ས་ཆ་དེ་སྔར་གྱི་སྤྱོད་སྒོ་ལྟར་སླར་གསོ་བྱེད་དགོས་པ་དང་། རྨོ་ཞིང་བཟུང་སྤྱོད་བྱས་ཡོད་ན་ངེས་པར་དུ་དེ་སྔའི་འདེབས་འཛུགས་ཆ་རྐྱེན་ནང་ལྟར་རམ་ཡང་ན་ནགས་རྩྭའི་སྔོ་ཁེབས་སླར་གསོ་བྱེད་དགོས་པ་མ་ཟད། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་ཡང་ན་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིབ་བཤེར་རྩིས་ལེན་བྱེད་དགོས།
གནས་སྐབས་ས་ཆ་བེད་སྤྱོད་པར་ནགས་ས་དང་། རྩྭ་ས། གཤེར་ས་བཅས་བཟུང་སྤྱོད་བྱས་རིགས་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་ལག་བསྟར་བྱ་རྒྱུ།
དོན་ཚན་སོ་གཉིས་པ། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་ཡང་ན་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་ཁྱབ་བཀོད་དང་སྤྱོད་སྒོ་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ནང་བཤུག་དང་། བོགས་མར་གཏོང་བ། གོང་ཚད་བཟོས་ནས(མ་དངུལ་བཏོན་ཏེ)མ་རྐང་ནང་ཞུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཚན་པའམ་ཡང་ན་མི་སྒེར་ལ་སྤྲད་ནས་རིན་ཡོད་བེད་སྤྱོད་བྱ་རྒྱུར་སྐུལ་སྤེལ་གཏོང་དགོས།
གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ནང་གཏན་འཁེལ་བྱས་པའི་གྲོང་སྡེ་དང་གྲོང་རྡལ་རུབ་འདུས་ཀྱི་འཛུགས་སྐྲུན་དུ་སྤྱོད་པའི་ས་ཆ་བེད་སྤྱད་དེ་ཁེ་ལས་གཉེར་བའམ་ཡང་ན་དེ་མིན་གྱི་ཚན་པ་དང་མི་སྒེར་དང་མཉམ་དུ་ས་ཆ་སྤྱོད་དབང་མ་རྐང་དུ་འཇོག་པ་དང་མཉམ་གཉེར་སོགས་ཀྱི་རྣམ་པར་བརྟེན་ནས་ཐུན་མོང་ཐོག་ཁེ་ལས་གཉེར་རིགས། ངེས་པར་དུ་ས་ཆ་གནས་སའི་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ལ་རེ་འདུན་ཞུ་དགོས་པ་དང་། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་ཡང་ན་རྫོང(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས། ཞིང་སྤྱོད་ས་ཆ་བཟུང་སྤྱོད་བྱ་རྒྱུ་དང་འབྲེལ་བ་ཡོད་ན་ཁྲིམས་ལྟར་ཞིང་སྤྱོད་ས་ཆ་གཞན་སྒྱུར་བེད་སྤྱོད་བྱེད་པའི་ཞིབ་མཆན་འགྲོ་ལུགས་གཉེར་དགོས།
ས་བཅད་གཉིས་པ། ས་ཆ་བསྡུ་ལེན།
དོན་ཚན་སོ་གསུམ་པ། སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་དབང་གིས་ཞིང་པ་མཉམ་སྡེབ་ལ་དབང་བའི་ས་ཆ་དངོས་འབྲེལ་བསྡུ་ལེན་བྱེད་དགོས་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་གཞུང་གི་གཙོ་ཆེའི་དྲ་ཚུགས་དང་ས་ཆ་བསྡུ་ལེན་བྱེད་རྩིས་ཡོད་པའི་ཤང་གྲོང་རྡལ་དང་། གྲོང་ཚོ། གྲོང་མིའི་ཚོགས་ཆུང་བཅས་ཀྱི་ཁྱབ་ཁོངས་ནང་ས་ཆ་བསྡུ་ལེན་གྱི་སྔོན་གྲབས་སྤྱི་བསྒྲགས་སྤེལ་དགོས་ཤིང་། སྔོན་གྲབས་སྤྱི་བསྒྲགས་ཀྱི་ནང་དོན་ཁོངས་སུ་བསྡུ་ལེན་གྱི་ཁྱབ་ཁོངས་དང་། བསྡུ་ལེན་གྱི་དམིགས་ཡུལ། ས་ཆའི་ད་ལྟའི་གནས་ཚུལ་བརྟག་དཔྱད་བཀོད་སྒྲིག་སོགས་ཚུད་དགོས་པ་དང་། སྔོན་གྲབས་སྤྱི་བསྒྲགས་སྤེལ་ཡུན་དེ་ལས་ཀའི་ཉིན་གྲངས་བཅུ་ལས་མི་ཉུང་བ་བྱེད་དགོས།
ས་ཆ་བསྡུ་ལེན་གྱི་སྔོན་གྲབས་སྤྱི་བསྒྲགས་སྤེལ་ཉིན་ནས་བཟུང་ཚན་པ་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་བསྡུ་རྩིས་ཡོད་པའི་ས་ཁོངས་ནང་ཧབ་མྱུར་ཐོག་འདེབས་འཛུགས་སྐྲུན་གསུམ་བྱེད་མི་ཆོག ཧབ་མྱུར་ཐོག་འདེབས་འཛུགས་སྐྲུན་གསུམ་བྱས་རིགས་ལ་དེའི་ཁ་གསབ་མི་སྤྲོད་རྒྱུ།
དོན་ཚན་སོ་བཞི་པ། ས་ཆ་བསྡུ་ལེན་གྱི་སྔོན་གྲབས་སྤྱི་བསྒྲགས་སྤེལ་རྗེས་བསྡུ་ལེན་བྱེད་མཁན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བསྡུ་རྩིས་ཡོད་པའི་ས་ཆའི་ད་ལྟའི་གནས་ཚུལ་ལ་བརྟག་དཔྱད་དང་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁའི་ཚོད་སྐོར་གྱི་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས།
ས་ཆའི་ད་ལྟའི་གནས་ཚུལ་ལ་བརྟག་དཔྱད་བྱེད་སྐབས་ངེས་པར་དུ་ས་ཆའི་གནས་ཡུལ་དང་། དབང་ཁོངས། ས་ཆའི་རིགས། རྒྱ་ཁྱོན། དེ་བཞིན་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་དང་། ས་ཐོག་གི་ཟུར་འབྱར་དངོས་རིགས་གཞན་དག་དང་ལྗང་པ་སོགས་ཀྱི་དབང་ཁོངས་དང་། སྣ་རིགས། གྲངས་འབོར་སོགས་ཀྱི་གནས་ཚུལ་རྩད་གཅོད་མཐའ་གསལ་བྱེད་དགོས་པ་མ་ཟད། བསྡུས་པའི་ས་ཆའི་བདག་དབང་ཡོད་མཁན་དང་སྤྱོད་དབང་ཡོད་མཁན་གྱིས་བརྟག་དཔྱད་བྱས་འབྲས་ལ་ཁས་ལེན་གཏན་འཁེལ་བྱེད་དགོས།
སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་ཚོད་སྐོར་བྱེད་སྐབས་ངེས་པར་དུ་ས་ཆ་བསྡུ་ལེན་བྱས་པ་དེར་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་ཡོད་མེད་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་ཞིབ་དཔྱད་བྱས་ནས། ཉེན་ཁ་ཐོན་ས་གཏན་འཁེལ་བྱས་ཏེ་ཉེན་ཁ་སྔོན་འགོག་བྱེད་ཐབས་དང་ཐག་གཅོད་བྱ་རྒྱུའི་སྔོན་ཇུས་འདོན་དགོས། སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་ཚོད་སྐོར་བྱེད་པར་ངེས་པར་དུ་ས་ཆ་བསྡུ་ལེན་བྱ་ཡུལ་གྱི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་དེའི་ཁོངས་མི། གྲོང་མི་ཨུ་ཡོན་ལྷན་ཁང་། ཁེ་གྱོང་གི་འབྲེལ་བ་ཡོད་མཁན་གཞན་དག་བཅས་ཞུགས་དགོས་པ་དང་། ཚོད་སྐོར་བྱས་འབྲས་དེ་ས་ཆ་བསྡུ་ལེན་གྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་དགོས།
དོན་ཚན་སོ་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་ཚོད་སྐོར་བྱས་འབྲས་ལ་གཞིགས་ཏེ་ས་ཆའི་ད་ལྟའི་གནས་ཚུལ་གྱི་བརྟག་དཔྱད་བྱས་ཚུལ་དང་ཟུང་འབྲེལ་བྱས་ནས་ས་ཆ་བསྡུ་ལེན་གྱི་སྐྱིན་གསབ་བཀོད་སྒྲིག་ཇུས་གཞི་བཟོ་རྒྱུའི་སྒྲིག་འཛུགས་བྱེད་དགོས། ས་ཆ་བསྡུ་ལེན་གྱི་སྐྱིན་གསབ་བཀོད་སྒྲིག་ཇུས་གཞིར་ངེས་པར་དུ་བསྡུ་ལེན་གྱི་ཁྱབ་ཁོངས་དང་། ས་ཆའི་ད་ལྟའི་གནས་ཚུལ། བསྡུ་ལེན་གྱི་དམིགས་ཡུལ། སྐྱིན་གསབ་སྤྲོད་སྟངས། ཚད་གཞི། བཀོད་སྒྲིག་བྱ་ཡུལ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ནང་དོན་ཚུད་དགོས།
ས་ཆ་བསྡུ་ལེན་གྱི་སྐྱིན་གསབ་བཀོད་སྒྲིག་ཇུས་གཞི་བཟོས་རྗེས། སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་དང་ས་ཆ་བསྡུ་རྩིས་ཡོད་སའི་ཤང་གྲོང་རྡལ་དང་། གྲོང་ཚོ། གྲོང་མིའི་ཚོགས་ཆུང་བཅས་ཀྱི་ཁྱབ་ཁོངས་ནང་སྤྱི་བསྒྲགས་སྤེལ་དགོས་པ་དང་། ས་ཆ་བསྡུ་རྩིས་ཡོད་སའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་དེའི་ཁོངས་མི། གྲོང་མི་ཨུ་ཡོན་ལྷན་ཁང་། ཁེ་གྱོང་གི་འབྲེལ་བ་ཡོད་མཁན་གཞན་དག་བཅས་ཀྱི་བསམ་འཆར་ཉན་དགོས། སྤྱི་བསྒྲགས་ཀྱི་ནང་དོན་ཁོངས་སུ་ད་དུང་ངེས་པར་དུ་སྐྱིན་གསབ་ཐོ་འགོད་གཉེར་སྒྲུབ་བྱེད་སྟངས་དང་། དུས་བཀག སྐྱིན་གསབ་ཐོ་འགོད་མ་བྱས་ན་མཇུག་འབྲས་ཇི་ཡོང་། དེ་བཞིན་བསམ་འཆར་མི་མཐུན་པ་འདོན་ཕྱོགས་ཀྱི་ཐབས་ལམ་སོགས་གསལ་པོར་འགོད་དགོས་པ་དང་། སྤྱི་བསྒྲགས་སྤེལ་ཡུན་དེ་ལས་ཀའི་ཉིན་གྲངས་སུམ་ཅུ་ལས་མི་ཉུང་བ་བྱེད་དགོས།
ས་ཆ་བསྡུ་ལེན་བྱ་རྒྱུའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཕྱེད་ཀ་ཡན་གྱིས་ས་ཆ་བསྡུ་ལེན་བྱས་པའི་སྐྱིན་གསབ་བཀོད་སྒྲིག་བྱ་རྒྱུའི་ཇུས་གཞི་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མི་མཐུན་པའི་ངོས་འཛིན་བྱས་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཟུ་ཉན་ཚོགས་འདུ་སྒྲིག་འཛུགས་བྱས་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་གཟུ་ཉན་ཚོགས་འདུའི་གནས་ཚུལ་ལ་གཞིགས་ནས་ཇུས་གཞིར་བཟོ་བཅོས་རྒྱག་དགོས། ས་ཆ་བསྡུ་ལེན་གྱི་སྐྱིན་གསབ་བཀོད་སྒྲིག་ཇུས་གཞིར་བཟོ་བཅོས་བརྒྱབ་རྗེས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དེ་སྔའི་ཐབས་ལམ་གཞིར་བཟུང་སྤྱི་བསྒྲགས་སྤེལ་དགོས་པ་དང་། སྤྱི་བསྒྲགས་སྤེལ་ཡུན་དེ་ལས་ཀའི་ཉིན་གྲངས་བཅུ་ལས་མི་ཉུང་བ་བྱེད་དགོས།
དོན་ཚན་སོ་དྲུག་པ། བསྡུ་རྩིས་ཡོད་པའི་ས་ཆའི་བདག་དབང་ཡོད་མཁན་དང་སྤྱོད་དབང་ཡོད་མཁན་གྱིས་སྤྱི་བསྒྲགས་སུ་གཏན་ལ་ཕབ་པའི་དུས་བཀག་ནང་། འགུལ་མེད་རྒྱུ་ནོར་བདག་དབང་གི་དཔང་ཡིག་སོགས་དཔྱད་ཡིག་ཁྱེར་ནས་སྐྱིན་གསབ་ཐོ་འགོད་བྱེད་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་གཟུ་ཉན་བྱས་ཚུལ་ལ་གཞིགས་ནས་ས་ཆ་བསྡུ་ལེན་གྱི་གུན་གསབ་བཀོད་སྒྲིག་ཇུས་གཞི་གཏན་འཁེལ་བྱས་རྗེས། ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་བསྡུ་རྩིས་ཡོད་པའི་ས་ཆའི་བདག་དབང་དང་སྤྱོད་དབང་ཡོད་མཁན་དང་ས་ཆ་བསྡུ་ལེན་གྱི་སྐྱིན་གསབ་བཀོད་སྒྲིག་གྲོས་མཐུན་འཇོག་དགོས། རེ་འགར་དངོས་འབྲེལ་གྲོས་མཐུན་འཇོག་དཀའ་བའི་རིགས་ལ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆ་བསྡུ་རེ་ཞུ་སྐབས་ཇི་མ་ཇི་བཞིན་གསལ་བཤད་རྒྱག་དགོས།
ས་ཆ་བསྡུ་ལེན་གྱི་སྐྱིན་གསབ་བཀོད་སྒྲིག་གྲོས་མཐུན་གྱི་མ་དཔེ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་བཟོ་དགོས།
དོན་ཚན་སོ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་ས་ཆ་བསྡུ་སྤྱོད་ཀྱི་སྔོན་གྲབས་སྤྱི་བསྒྲགས་དང་། ས་ཆའི་ད་ལྟའི་གནས་ཚུལ་ལ་བརྟག་དཔྱད་དང་དེའི་མཇུག་འབྲས་ངོས་འཛིན། སྤྱི་ཚོགས་བརྟན་ལྷིང་ཐད་ཀྱི་ཉེན་ཁའི་དཔྱད་དཔོག ས་ཆ་བསྡུ་སྤྱོད་ཀྱི་སྐྱིན་གསབ་བཀོད་སྒྲིག་ཇུས་གཞིའི་སྤྱི་བསྒྲགས། ས་ཆ་བསྡུ་སྤྱོད་ཀྱི་སྐྱིན་གསབ་ཐོ་འགོད་དང་གྲོས་མཐུན་འཇོག་པ་སོགས་སྔོན་གྲབས་ལས་ཀ་ཁག་བསྒྲུབས་རྗེས། གཞི་ནས་ས་ཆ་བསྡུ་ལེན་བྱ་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་ནས་ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།
ས་ཆ་བསྡུ་ལེན་བྱ་རྒྱུའི་རེ་འདུན་ཞུ་ཡིག་ལ་ཁྲིམས་ལྟར་ཆོག་མཆན་ཐོབ་རྗེས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆོག་མཆན་ཐོབ་པའི་ཡིག་ཆ་འབྱོར་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་བཅོ་ལྔའི་ནང་ཚུན་དུ་སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་དང་ས་ཆ་བསྡུ་སྤྱོད་བྱེད་རྩིས་ཡོད་པའི་ཤང་གྲོང་རྡལ་དང་། གྲོང་ཚོ། གྲོང་མིའི་ཚོགས་ཆུང་བཅས་ཀྱི་ཁྱབ་ཁོངས་ནང་ས་ཆ་བསྡུ་སྤྱོད་ཀྱི་སྤྱི་བསྒྲགས་སྤེལ་དགོས་པ་མ་ཟད་ལག་བསྟར་སྒྲིག་འཛུགས་བྱེད་དགོས། སྤྱི་བསྒྲགས་སྤེལ་ཡུན་དེ་ལས་ཀའི་ཉིན་གྲངས་བཅུ་ལས་ཉུང་མི་རུང་ཞིང་། སྤྱི་བསྒྲགས་ཀྱི་ནང་དོན་ཁོངས་སུ་ཚུད་དགོས་པ་གཤམ་གསལ་ཏེ།
(གཅིག)ས་ཆ་བསྡུ་རྒྱུའི་ཆོག་མཆན་འགོད་མཁན་ལས་ཁུངས་དང་། ཡིག་ཨང་། དུས་ཚོད། སྤྱོད་སྒོ་བཅས་དང་།
(གཉིས)བསྡུ་ལེན་བྱེད་པའི་དམིགས་ཡུལ་དང་། ཁྱབ་ཁོངས། དུས་ཚོད། ས་ཆའི་ད་ལྟའི་གནས་ཚུལ།
(གསུམ)ས་ཆ་བསྡུ་སྤྱོད་ཀྱི་སྐྱིན་གསབ་རིན་དངུལ་དང་། བཀོད་སྒྲིག་ཁ་གསབ་རོགས་དངུལ། གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་། དེ་མིན་ས་ཐོག་གི་ཟུར་འབྱར་དངོས་རིགས་དང་ལྗང་བུ། དེ་བཞིན་སྤྱི་ཚོགས་འགན་སྲུང་སོགས་ཀྱི་འགྲོ་གྲོན་གཏོང་སྤྲོད་བྱེད་སྟངས་དང་དུས་ཚད་སོགས།
(བཞི)སྤྱི་བསྒྲགས་བྱེད་དགོས་པའི་ནང་དོན་གཞན་དག་བཅས་སོ།
རེ་འགར་ས་ཆ་བསྡུ་སྤྱོད་ཀྱི་སྐྱིན་གསབ་བཀོད་སྒྲིག་གི་གྲོས་མཐུན་འཇོག་མི་ཐུབ་པའི་རིགས་ལ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆ་བསྡུ་སྤྱོད་ཀྱི་སྐྱིན་གསབ་བཀོད་སྒྲིག་གཏན་འཁེལ་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་ལག་ལེན་བསྟར་རྒྱུའི་སྒྲིག་འཛུགས་བྱེད་དགོས།
དོན་ཚན་སོ་བརྒྱད་པ། ཞིང་སྤྱོད་ས་ཆ་བསྡུས་པའི་ས་རིན་གྱི་སྐྱིན་གསབ་རིན་དངུལ་དང་བཀོད་སྒྲིག་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ཁུལ་ཁོངས་དེ་གའི་ཕྱོགས་བསྡུས་ས་གོང་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ། རྫོང་(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ཁུལ་ཁོངས་ཀྱི་ཕྱོགས་བསྡུས་ས་གོང་གི་ཞིབ་ཕྲའི་ཚད་གཞི་བཟོ་འགོད་བྱས་ནས། རིམ་པ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཡོངས་བསྒྲགས་སུ་ལག་བསྟར་བྱེད་དགོས། ཁུལ་ཁོངས་དེའི་ཕྱོགས་བསྡུས་ས་གོང་ཉུང་མཐར་ཡང་ལོ་གསུམ་རེར་ལེགས་སྒྲིག་གམ་ཡང་ན་བསྐྱར་དུ་སྤྱི་བསྒྲགས་ཐེངས་རེ་བྱེད་དགོས།
ས་སྟེང་གི་ཟུར་འབྱར་དངོས་རིགས་དང་ལྗང་པ་སོགས་ཀྱི་སྐྱིན་གསབ་ཚད་གཞི་དེ་རྫོང་(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་འཆར་འགོད་གཏན་འབེབས་བྱས་རྗེས། རིམ་པ་བཞིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཡོངས་བསྒྲགས་སུ་ལག་བསྟར་བྱེད་དགོས།
དོན་ཚན་སོ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་ཆ་བསྡུ་ལེན་གྱི་སྐྱིན་གསབ་རིན་དངུལ་དང་། བཀོད་སྒྲིག་གི་ཁ་གསབ་རོགས་དངུལ། གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་དང་དེ་བཞིན་ས་ཐོག་དངོས་རིགས་དང་ལྗང་པ་སོགས་བསྡུ་སྤྱོད་བྱས་པའི་ས་ཆའི་སྐྱིན་གསབ་རིན་དངུལ་དང་ས་ཆ་བསྡུ་ལེན་བྱས་པའི་ཞིང་པའི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་བཅས་དུས་ཐོག་ཏུ་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས། འབྲེལ་ཡོད་གྲོན་དངུལ་འདང་ངེས་མེད་ན་ས་ཆ་བསྡུ་སྤྱོད་བྱེད་པར་ཆོག་མཆན་སྤྲོད་མི་ཆོག
དོན་ཚན་བཞི་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྤྱི་ཚོགས་འགན་སྲུང་མ་དངུལ་གྲབས་གསོག་བྱས་ཏེ་ས་ཆ་བསྡུ་ཡུལ་གྱི་ཞིང་པ་རྣམས་སྤྱི་ཚོགས་འགན་སྲུང་མ་ལག་ནང་འཇུག་དགོས། ས་ཆ་བསྡུ་ལེན་བྱས་པའི་ཞིང་པའི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་དེ་ངེས་པར་དུ་རིམ་པ་དེ་གའི་སྤྱི་ཚོགས་འགན་སྲུང་མ་དངུལ་གྱི་ཆེད་སྤྱོད་རྩིས་ཁྲར་གྲངས་ཚད་ལོངས་པ་བཞག་ནས་དེ་གཙོ་བོ་ཆ་རྐྱེན་དང་མཐུན་པའི་ས་ཆ་བསྡུ་ལེན་བྱས་པའི་ཞིང་པའི་རྒན་གསོའི་འགན་བཅོལ་སོགས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཁ་གསབ་ཐོག་སྤྱོད་དགོས།
ས་ཆ་བསྡུ་ཡུལ་གྱི་ཞིང་པའི་སྤྱི་ཚོགས་འགན་སྲུང་མ་དངུལ་གྲབས་གསོག་དང་། དོ་དམ། བེད་སྤྱོད་བཅས་བྱ་ཐབས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཟོ་རྒྱུ།
དོན་ཚན་ཞེ་གཅིག་པ། ས་ཆ་བསྡུ་རྒྱུ་དེ་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་དང་འབྲེལ་བ་ཡོད་ཚེ། གྲོང་གསེབ་ཀྱི་ཡུལ་མིའི་འདོད་བློར་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྔོན་ལ་སྐྱིན་གསབ་སྤྲད་ནས་རྗེས་སུ་གནས་སྤོ་བྱེད་པ་དང་སྡོད་གནས་ཆ་རྐྱེན་ལེགས་བཅོས་བྱ་རྒྱུའི་རྩ་དོན་ལྟར། ཡང་བསྐྱར་ཁང་ས་བཀོད་སྒྲིག་བྱས་ནས་ཁང་པ་རྒྱག་པ་དང་། བཀོད་སྒྲིག་སྡོད་ཁང་སྤྲོད་པའམ་ཡང་ན་དངུལ་ལོར་གྱི་སྐྱིན་གསབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དྲང་སྙོམས་ལུགས་མཐུན་གྱི་སྐྱིན་གསབ་སྤྲོད་དགོས་པ་མ་ཟད། ས་ཆ་བསྡུ་ལེན་བྱས་པའི་རྐྱེན་གྱིས་གནས་སྤོ་དང་གནས་སྐབས་ཀྱི་བཀོད་སྒྲིག་སོགས་བྱས་པའི་འགྲོ་གྲོན་ཡང་སྐྱིན་གསབ་འཇལ་དགོས།
བསྐྱར་དུ་ཁང་ས་བཀོད་སྒྲིག་བྱས་ནས་ཁང་པ་རྒྱག་རིགས་ལ། དེའི་སྡོད་ཁང་ལ་བསྐྱར་འབེབས་རིན་གོང་ལྟར་དངུལ་ལོར་གྱི་སྐྱིན་གསབ་སྤྲོད་དགོས་པ་དང་། ཁང་སའི་རྒྱ་ཁྱོན་དེ་རྒྱལ་ཁབ་བམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཚད་གཞི་དམའ་ཤོས་ལས་ཆུང་མི་ཆོག ཡང་བསྐྱར་ཁང་ས་བཀོད་སྒྲིག་བྱས་ནས་ཁང་པ་རྒྱག་ཐབས་མེད་ཀྱང་བཀོད་སྒྲིག་ཁང་པའི་ཐོག་ནས་སྐྱིན་གསབ་སྤྲད་ཆོག་རིགས་ལ་བཀོད་སྒྲིག་ཁང་པའི་རྒྱ་ཁྱོན་དེ་འབྲེལ་ཡོད་གཏན་འབེབས་ཀྱི་ཚད་གཞི་དམའ་ཤོས་ལས་ཆུང་མི་རུང་། ཡང་བསྐྱར་ཁང་ས་བཀོད་སྒྲིག་བྱས་ནས་ཁང་པ་རྒྱག་ཐབས་མེད་ལ་བཀོད་སྒྲིག་ཁང་པ་ཡང་སྤྲོད་མི་ཐུབ་པའི་རིགས་ལ། ངེས་པར་དུ་ཁང་ས་དང་སྡོད་ཁང་གི་རིན་ཐང་ཚོད་སྐོར་བྱས་ནས་ཁྲིམས་ལྟར་སྐྱིན་གསབ་སྤྲོད་དགོས།
ས་བཅད་གསུམ་པ། ཁང་ས།
དོན་ཚན་ཞེ་གཉིས་པ། གྲོང་གསེབ་ཀྱི་ཡུལ་མིས་སྡོད་ཁང་རྒྱག་པར་ངེས་པར་དུ་ཤང་དང་གྲོང་རྡལ་གྱི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་གྲོང་ཚོའི་འཆར་འགོད་ཀྱི་བླང་བྱ་དང་མཐུན་དགོས་པ་དང་། སྔར་ཡོད་ཀྱི་ཁང་ས་དང་གྲོང་ཚོའི་ནང་གི་ས་སྟོང་སྔོན་ལ་བེད་སྤྱོད་བྱེད་དགོས་པ་ལས། ཡུན་གནས་ཀྱི་གཞི་རྩའི་ས་ཞིང་བཟུང་སྤྱོད་བྱེད་མི་ཆོག
གྲོང་གསེབ་ཀྱི་ཡུལ་མི་དུད་ཚང་རེར་ཁང་ས་རེ་ལས་ཉར་མི་ཆོག་པ་དང་། ཆོག་མཆན་ཐོབ་པའི་ཁང་སའི་ཁྱབ་ཁོངས་ལས་བརྒལ་ནས་སྡོད་ཁང་རྒྱག་མི་ཆོག
དོན་ཚན་ཞེ་གསུམ་པ། གྲོང་གསེབ་ཀྱི་ཡུལ་མིས་ཁང་སའི་རེ་བ་ཞུས་ན་ངེས་པར་དུ་དུད་ཚང་རེ་རྩིས་གཞིར་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་རེ་འདུན་ཞུ་དགོས་པ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་བཙུགས་མེད་ན། དེ་གནས་སའི་གྲོང་མིའི་ཚོགས་ཆུང་ངམ་གྲོང་མི་ཨུ་ཡོན་ལྷན་ཁང་ལ་རེ་འདུན་ཞུ་དགོས། ཁང་ས་རེ་བ་ཞུ་རྒྱུ་དེ་བཅའ་ཁྲིམས་ལྟར་གྲོང་གསེབ་ཀྱི་ཡུལ་མིས་མཉམ་སྡེབ་ཐོག་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད་མཉམ་སྡེབ་དེའི་ཁོངས་སུ་སྤྱི་བསྒྲགས་སྤེལ་རྗེས། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས།
གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་རིགས། ཁང་སའི་རེ་ཞུར་ཆོག་མཆན་མི་འགོད་རྒྱུ་སྟེ།
(གཅིག)ཁང་སའི་རྒྱ་ཁྱོན་དེ་གཏན་འབེབས་ཀྱི་ཚད་གཞི་ཟིན་ཡོད་ཀྱང་ད་དུང་ཁང་ས་རེ་ཞུ་བྱེད་རིགས་དང་།
(གཉིས)སྡོད་ཁང་ཕྱིར་འཚོང་དང་། བོགས་མར་གཏོང་བ། སྦྱིན་པ་བཅས་བྱས་རྗེས་ཡང་བསྐྱར་ཁང་ས་རེ་ཞུ་བྱེད་རིགས།
(གསུམ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཁང་སའི་ཆ་རྐྱེན་དང་མི་མཐུན་པའི་གནས་ཚུལ་གཞན་དག་བཅས་སོ།
ཁང་ས་རེ་བ་ཞུས་པ་དེ་ཞིང་སྤྱོད་ས་ཆ་དང་འབྲེལ་བ་ཡོད་ཚེ། རྫོང་(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ཞིང་སྤྱོད་ས་ཆ་གཞན་སྒྱུར་བེད་སྤྱོད་བྱ་རྒྱུའི་འཆར་གཞི་བཟོ་འགོད་བྱས་ཏེ་ཆོག་མཆན་འགོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིབ་མཆན་དབང་ཚད་ནང་གི་གྲོང་གསེབ་ཀྱི་ཁང་སར་ཞིང་སྤྱོད་ས་ཆ་གཞན་སྒྱུར་བེད་སྤྱོད་བྱེད་པའི་དོན་གནད་རིགས། ཁྲིམས་ལྟར་རྫོང་(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་ལ་ཆོག་མཆན་སྤྲོད་རྒྱུའི་མངགས་བཅོལ་བྱས་ཆོག
དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁང་སའི་གཞི་ཁྱོན་དང་འཆར་འགོད་བཀོད་པ་ལུགས་མཐུན་གཏན་འཁེལ་བྱེད་པ་དང་། ས་ཆ་སྤྱོད་པའི་དམིགས་ཚད་ལ་ཆེད་དམིགས་དོ་དམ་བྱེད་པ། ས་ཆ་སྤྱོད་པའི་ཞིབ་མཆན་གོ་རིམ་སྟབས་བདེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་མིའི་ཁང་སའི་དགོས་མཁོ་འགན་སྲུང་བྱེད་དགོས།
ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཁང་སའི་རེ་ཞུ་དང་། ཞིབ་བཤེར་མཆན་འགོད། བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
དོན་ཚན་ཞེ་ལྔ་པ། གྲོང་གསེབ་ཀྱི་ཡུལ་མིས་ས་གཤིས་ཀྱི་གནོད་འཚེ་ལས་གཡོལ་ཆེད་གནས་སྤོ་དང་། ཆུ་བེད་དང་ཆུ་གློག་ལས་གྲྭའི་རྐྱེན་གྱིས་ཡུལ་མི་གནས་སྤོ། ས་ཆ་བཅོས་སྒྲིག ཉེན་ཡོད་ཁང་པ་བསྒྱུར་བཀོད་སོགས་བྱེད་དགོས་པའི་རྐྱེན་གྱིས་གྲོང་ཚོ་དེ་ག་ཕུད་པའི་ཞིང་པ་མཉམ་སྡེབ་ལ་དབང་བའི་ས་ཆ་བེད་སྤྱོད་བྱས་ཏེ་སྡོད་ཁང་རྒྱག་དགོས་ཚེ། བཀོད་སྒྲིག་བྱ་ཡུལ་གྱི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་བརྡས་ཐག་གཅོད་དབང་ཡོད་པའི་ཁོངས་མི་ཡོངས་སམ་ཡང་ན་ཁོངས་མི་ཡོངས་ཀྱི་འཐུས་མིའི་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོབ་རྗེས། གཞི་ནས་ཁྲིམས་ལྟར་བཀོད་སྒྲིག་བྱེད་སའི་གྲོང་ཚོའི་ཁང་ས་བེད་སྤྱོད་བྱ་རྒྱུའི་རེ་འདུན་ཞུས་ཆོག་མོད། འོན་ཀྱང་ངེས་པར་དུ་སྔར་གྱི་ཁང་ས་ནས་ཕྱིར་འཐེན་བྱེད་དགོས་པ་མ་ཟད་ཐོ་ཁོངས་ནས་བསུབ་རྒྱུའི་འགྲོ་ལུགས་གཉེར་དགོས།
དོན་ཚན་ཞེ་དྲུག་པ། གྲོང་ཁྱེར་དུ་གཞིས་ཆགས་པའི་གྲོང་གསེབ་ཀྱི་ཡུལ་མིས་ཁྲིམས་ལྟར་རང་མོས་ངང་རིན་དོད་ཡོད་པའི་སྒོ་ནས་ཁང་ས་ནས་ཕྱིར་འཐེན་བྱས་ཆོག ས་ཆའི་བདག་དབང་ཡོད་མཁན་གྱིས་ཁང་ས་ནས་ཕྱིར་འཐེན་བྱས་པའི་གྲོང་གསེབ་ཀྱི་ཡུལ་མིར་ངེས་པར་དུ་འདྲ་མཉམ་དང་ལུགས་མཐུན་གྱི་སྐྱིན་གསབ་སྤྲོད་དགོས། ཕྱིར་འཐེན་བྱས་པའི་ཁང་ས་དེ་སྔོན་ལ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་མིའི་ཁང་སའི་དགོས་མཁོ་འགན་སྲུང་བྱེད་པའི་ཐད་སྤྱོད་རྒྱུ།
གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་དེའི་ཁོངས་མིས་རང་བདག་གཉེར་སྐྱོང་དང་། མཉམ་ལས་གཉེར་སྐྱོང་། གཉེར་སྐྱོང་མངགས་བཅོལ་སོགས་ཀྱི་བྱེད་ཐབས་སྤྱད་དེ་བེད་མེད་དུ་བཞག་པའི་ཁང་ས་དང་སྡོད་ཁང་ཕན་སྒྱུར་བེད་སྤྱོད་བྱེད་པར་སྐུལ་ལྕག་གཏོང་རྒྱུ།
ལེའུ་ལྔ་པ། ལྟ་སྐུལ་ཞིབ་བཤེར།
དོན་ཚན་ཞེ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ས་ཆ་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱ་སྤྱོད་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་གྲོང་གསེབ་ཀྱི་ཁང་སའི་དོ་དམ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྤྱོད་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་དང་ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་ས་ཆར་ལྟ་སྐུལ་ཞིབ་བཤེར་བྱེད་འགན་འཁུར་སྐབས། སྤྱི་བདེ་དང་། རྩིས་བཤེར། ཁྲལ་དོན། དངུལ་རྩ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཁྲིམས་ལྟར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།
རྫོང་རིམ་ཡན་གྱི་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་ཆའི་ཁྲིམས་སྒྱུར་མཉམ་ལས་ལམ་སྲོལ་བཙུགས་ཏེ། ཆ་འཕྲིན་མཉམ་སྤྱོད་དང་། གནས་ཚུལ་བརྡ་ཁྱབ། མཉམ་འབྲེལ་ཁྲིམས་སྒྱུར་སོགས་ཀྱི་རྣམ་པ་བརྒྱུད་དེ་མཉམ་སྒྲུབ་བྱེད་དགོས།
དོན་ཚན་ཞེ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་དང་། ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་གྱི་འགན་འཁྲི་སྒྲུབ་སྐབས། གཤམ་གསལ་གྱི་བྱེད་ཐབས་ཁག་སྤྱོད་དབང་ཡོད་པ་སྟེ།
(གཅིག)ཞིབ་བཤེར་བྱ་ཡུལ་སྡེ་ཚན་ནམ་མི་སྒེར་ལ་རེ་བ་བཏོན་ནས་ས་ཆའི་ཁེ་དབང་སྐོར་གྱི་འབྲེལ་ཡོད་ཡིག་ཆ་དང་དཔྱད་ཡིག་འདོན་དུ་འཇུག་པ་དང་ལྟ་བཤེར་རམ་ཡང་ན་འདྲ་བཟོ་བྱེད་པ་དང་།
(གཉིས)ཞིབ་བཤེར་བྱ་ཡུལ་ཚན་པའམ་ཡང་ན་མི་སྒེར་ལ་རེ་བ་བཏོན་ནས་ས་ཆའི་ཁེ་དབང་སྐོར་གྱི་འབྲེལ་ཡོད་གནད་དོན་གསལ་བཤད་བྱེད་དུ་འཇུག་པ།
(གསུམ)ཞིབ་བཤེར་བྱ་ཡུལ་ཚན་པའམ་ཡང་ན་མི་སྒེར་གྱི་ས་ཆའི་ཐད་ཁྲིམས་འགལ་གྱི་དོགས་གཞི་ཡོད་རིགས་ལས་ཡུལ་དངོས་སུ་ཕྱིན་ནས་རྩད་ཞིབ་ཐིག་ལེན་དང་། པར་ལེན། བརྙན་ལེན་སོགས་བྱེད་པ།
(བཞི)ཁྲིམས་འགལ་གྱོད་གཞི་དང་འབྲེལ་བ་ཡོད་མཁན་ཚན་པའམ་ཡང་ན་མི་སྒེར་ལ་འདྲི་རྩད་བྱེད་པ།
(ལྔ)ཁྲིམས་དང་མི་མཐུན་པར་ས་ཆ་བཟུང་སྤྱོད་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་ལ་ས་ཆའི་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་པ།
(དྲུག)ས་ཆའི་ཁྲིམས་འགལ་དོགས་ཡོད་ཚན་པའམ་ཡང་ན་མི་སྒེར་ལ་བརྟག་དཔྱད་བྱེད་རིང་ཁྲིམས་འགལ་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ས་ཆའི་ཞིབ་མཆན་དང་ཐོ་འགོད་སོགས་ཀྱི་འགྲོ་ལུགས་གནས་སྐབས་གཉེར་མཚམས་འཇོག་པ།
(བདུན)སྤོ་སྒྱུར་དང་། མེད་པ་བཟོ་བ། སྦས་སྐུང་ངམ་གཡོ་བཅོས་བཅས་བྱེད་སྲིད་པའི་ཡིག་ཆ་དང་དཔྱད་གཞིའི་ཡིག་རིགས་ཐམ་མནན་ཉར་ཚགས་བྱེད་པ་དང་། ས་ཆའི་ཐད་ཀྱི་ཁྲིམས་འགལ་དོགས་ཡོད་ཚན་པའམ་ཡང་ན་མི་སྒེར་ལ་བརྟག་དཔྱད་བྱེད་རིང་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་རྒྱུ་དངོས་ཚོང་སྒྱུར་དང་སྤོ་སྒྱུར་བྱེད་མི་ཆོག་པའི་འགན་དཀྲི་བ།
(བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་ལྟ་སྐུལ་ཞིབ་བཤེར་བྱེད་ཐབས་གཞན་དག་བཅས་སོ།
ས་ཆ་དོ་དམ་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་གྱིས་ངེས་པར་དུ་ས་ཆ་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རྒྱུས་མངའ་ལོན་པ་དང་། སྲིད་འཛིན་ཁྲིམས་སྒྱུར་ལག་ཁྱེར་ཐོབ་པའི་ཐོག སེམས་འཁུར་རྣམ་དག་དང་ཁྲིམས་འཛིན་དྲང་གཞག་བྱེད་དགོས།
དོན་ཚན་ཞེ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་དང་། ཞིང་ལས་དང་གྲོང་གསེབ་གཙོ་འགན་སྡེ་ཚན། གྲོང་རྡལ་མི་དམངས་སྲིད་གཞུང་བཅས་ཀྱིས་ངེས་པར་དུ་སོ་སོའི་འཁྲི་འགན་གཞིར་བཟུང་ས་ཆར་སྐོར་ཞིབ་དང་། ཁྲིམས་འགལ་ཆ་འཕྲིན་མཉམ་སྤྱོད། ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད། ཞུ་གཏུག་ཐེར་འདོན་སོགས་ཀྱི་ལམ་ལུགས་བཙུགས་ནས། སྤྱི་ཚོགས་ཐོག་ཞུ་གཏུག་ཐེར་འདོན་ཁ་པར་ཨང་གྲངས་དང་། འཕྲིན་སྐྱེལ་ས་གནས། གློག་རྡུལ་སྦྲག་སྒམ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ། ས་ཆའི་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་། ཁྲིམས་ལྟར་བཀག་འགོག ཞིབ་བཤེར་ཐག་གཅོད་བཅས་བྱེད་དགོས།
གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་གིས་ས་ཁོངས་དེ་གའི་ས་ཆའི་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། བཀག་སྡོམ་བསླབ་བྱ་བྱེད་དགོས་པ་མ་ཟད། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་ངམ་ཡང་ན་རྫོང་(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་དང་། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིད་རྟོན་ལྟ་སྐུལ་དོ་དམ་གྱི་བླང་བྱ་གཞིར་བཟུང་། འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་མཁོ་སྤྲོད་ཉོ་ཚོང་དང་འདོན་སྤྲོད་བྱས་རྗེས་གསར་སྤེལ་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་ཁྲོམ་རའི་ཁ་དན་ཚིག་ལ་མ་གནས་པའི་བྱ་སྤྱོད་ཚབས་ཆེན་རིགས་ལ་ཁྲིམས་ལྟར་ཆད་གཅོད་བསླབ་འདོམས་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ལྔ་བཅུ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་། རང་བྱུང་ཐོན་ཁུངས། ཞིང་ལས་དང་གྲོང་གསེབ་སོགས་འབྲེལ་ཡོད་སྡེ་ཚན་དང་དེའི་ལས་བྱར་གཤམ་གསལ་གྱི་བྱ་སྤྱོད་གྲས་ཤིག་ཡོད་ཚེ། དེའི་འགན་ཡོད་འགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་སྟེ།
(གཅིག)ཁྲིམས་གཏན་འཁེལ་བའི་དབང་ཚད་དང་ལས་རིམ་ལས་འགལ་ནས་རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་ལ་རང་དགར་ཆོག་མཆན་སྤྲད་པའམ་ཡང་ན་བཟོ་བཅོས་བརྒྱབ་པ་དང་།
(གཉིས)ཁྲིམས་བཀོད་དབང་ཚད་དང་ལས་རིམ་ལས་འགལ་བའམ་ཡང་ན་རྒྱལ་ཁབ་ས་ཆའི་བར་སྟོང་གི་འཆར་འགོད་ནང་གཏན་འཁེལ་བྱས་པའི་ས་ཆའི་སྤྱོད་སྒོ་ལྟར་མ་བྱས་པར་ས་ཆ་བེད་སྤྱོད་བྱ་རྒྱུའི་ཆོག་མཆན་སྤྲད་པ།
(གསུམ)ཁྲིམས་བཀོད་དབང་ཚད་དང་ལས་རིམ་ལས་འགལ་ཏེ་ས་ཆ་བསྡུ་སྤྱོད་བྱས་པ།
(བཞི)ས་ཆ་རིན་ཡོད་བེད་སྤྱོད་གྲོན་དངུལ་སོགས་ས་ཆའི་གྲོན་དངུལ་ཁྲིམས་འགལ་ངང་ཆག་ཡང་དང་རྩ་ཆག་བཏང་བ།
(ལྔ)ཁྲིམས་ལྟར་ས་ཆར་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འཁྲི་འགན་ཕྱོགས་ཡོངས་ནས་མ་བསྒྲུབ་པ་དང་། ས་ཆ་དོ་དམ་བྱེད་ཕྱོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཡང་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་མ་བྱས་པ།
(དྲུག)རྐང་བཙུགས་སམ་ཡང་ན་ལས་འཛོལ་ཚབས་ཆེ་ཤོར་བའི་རྐྱེན་གྱིས་ས་ཆ་བེད་མེད་དུ་བཞག་པ།
(བདུན)ས་ཆའི་ཐོན་ཁུངས་སྲུང་སྐྱོབ་དང་། གསར་སྤེལ། བེད་སྤྱོད། བསྡུ་ལེན་བཅས་དང་འབྲེལ་བ་ཡོད་པའི་གྲོན་དངུལ་ལྐོག་ཟ་དང་། བཅད་ཉར་རམ་གཞན་སྤྱོད་བྱས་རིགས།
(བརྒྱད)རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པའི་བྱ་སྤྱོད་གཞན་དག་བཅས་སོ།
དོན་ཚན་ང་གཅིག་པ། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)དང་ཡང་ན་རྫོང་(ཆུད་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་ཉིད་དམ་ཡང་ན་འབྲེལ་ཡོད་སྡེ་ཚན་དམིགས་འཛུགས་བྱས་ནས་བཅའ་ཁྲིམས་ལྟར་གཞུང་བཞེས་བཏང་བའི་ཁྲིམས་འགལ་གྱི་འཛུགས་སྐྲུན་དངོས་པོ་དང་སྒྲིག་བཀོད་གཞན་དག་ཁྲིམས་ལྟར་དོ་དམ་དང་ཐག་གཅོད་བྱེད་དུ་འཇུག་པ་དང་། ཞིབ་ཕྲའི་བྱ་ཐབས་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་བཟོ་འབེབས་བྱ་རྒྱུ།
དོན་ཚན་ང་གཉིས་པ། ས་ཆ་བསྡུ་ལེན་བྱེད་པར་ཁྲིམས་ལྟར་ཆོག་མཆན་ཐོབ་པ་བརྒྱུད་ཡར་བསྡུས་པའི་ས་ཆའི་བདག་དབང་ཡོད་མཁན་དང་བེད་སྤྱོད་བྱེད་དབང་ཡོད་མཁན་ལ་ཁྲིམས་ལྟར་སྐྱིན་གསབ་དང་བཀོད་སྒྲིག་བྱས་རྗེས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཡར་བསྡུས་པའི་ས་ཆའི་བདག་དབང་ཡོད་མཁན་དང་བེད་སྤྱོད་བྱེད་དབང་ཡོད་མཁན་ལ་ས་ཆ་ཚུར་སྤྲོད་ཀྱིས་གནས་སྤོ་བྱ་རྒྱུའི་བརྡ་ཐོ་གཏོང་དགོས་པ་དང་། ཡར་བསྡུས་པའི་ས་ཆའི་བདག་དབང་ཡོད་མཁན་དང་བེད་སྤྱོད་བྱེད་དབང་ཡོད་མཁན་གྱིས་དུས་བཀག་ལྟར་ས་ཆ་རྩིས་སྤྲོད་དང་གནས་སྤོ་བྱེད་དགོས།
བསྡུས་པའི་ས་ཆའི་བདག་དབང་ཡོད་མཁན་དང་སྤྱོད་དབང་ཡོད་མཁན་གྱིས་ས་ཆ་མ་སྤྲད་པ་དང་གནས་སྤོ་མ་བྱས་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དུས་བཀག་ནང་ས་ཆ་སྤྲོད་དགོས་པའི་གཏན་འབེབས་སམ་ཡང་ན་དུས་བཀག་ནང་གནས་སྤོ་བྱ་རྒྱུའི་གཏན་འབེབས་བཟོ་དགོས། བསྡུས་པའི་ས་ཆའི་བདག་དབང་ཡོད་མཁན་དང་བེད་སྤྱོད་བྱེད་དབང་ཡོད་མཁན་གྱིས་སྔར་བཞིན་ས་ཆ་རྩིས་སྤྲོད་དང་གནས་སྤོ་མ་བྱས་པའི་ཐོག ཁྲིམས་བཀོད་ཀྱི་དུས་བཀག་ནང་སྲིད་འཛིན་བསྐྱར་གྲོས་སམ་ཡང་ན་སྲིད་འཛིན་གཏུག་བཤེར་བྱེད་རེ་མ་ཞུས་ན། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ཀྱིས་ལག་བསྟར་བྱེད་རེ་ཞུས་ཆོག
དོན་ཚན་ང་གསུམ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་ནའང་བྱ་ཐབས་འདིའི་ནང་ཆད་གཅོད་གཏན་འབེབས་བྱས་མེད་པའི་བྱ་སྤྱོད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཉེས་ཆད་གཅོད་རྒྱུའི་གཏན་འབེབས་ཡོད་རིགས་གཏན་འབེབས་དེ་བཞིན་བྱ་རྒྱུ།
ལེའུ་བདུན་པ། ཞར་བྱུང་།
དོན་ཚན་ང་བཞི་པ། ཁྲོམ་གཞུང་དོན་གཅོད་ཁང་གིས་ཁྲིམས་ལྟར་འབྲེལ་ཡོད་ས་ཆ་དོ་དམ་གྱི་འགན་འཁྲི་སྒྲུབ་སྐབས་བྱ་ཐབས་འདིའི་ནང་གི་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་སྐོར་གྱི་གཏན་འབེབས་དེ་སྤྱད་ན་འཐུས།
དོན་ཚན་ང་ལྔ་པ། བྱ་ཐབས་འདི་2024ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)