ཝང་ཅུན་ཀྲེང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་བ།
ཟླ་4ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་རྔ་ཆེན་ལའི་ཡུག་ཁུལ་ནས་རི་རྩེར་ཕེབས་ཏེ་སྡོང་ཕྲུག་སྐྱེ་འཚར་ལ་གཟིགས་ཞིབ་གནང་བ་དང་། སྡོང་ཕྲུག་མི་འདྲ་བའི་ཁྱད་ཆོས་དང་། སྐྱེ་འཚར་དུས་འཁོར། རྒྱུན་གཏན་གྱི་བདག་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བཞིན་པ།
ཚན་རིག་གི་ཆོས་ཉིད་ལ་བརྩི་འཇོག་དང་། ལས་ཀ་བྱེད་སྟངས་གསར་གཏོད། ཁོར་ཡུག་ལེགས་བཅོས། འཚོ་བའི་ཁོར་ཡུག་མཛེས་སུ་གཏོང་བ་བཅས་བྱས་ཏེ། ལྷོ་རི་བྱང་རིའི་སྔོ་འགྱུར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཚན་རིག་གི་ཆོས་ཉིད་ལ་བརྩི་འཇོག་དང་། ལས་ཀ་བྱེད་སྟངས་གསར་གཏོད། ཁོར་ཡུག་ལེགས་བཅོས། འཚོ་བའི་ཁོར་ཡུག་མཛེས་སུ་གཏོང་བ་བྱས་ཏེ། ལྷོ་རི་བྱང་རིའི་སྔོ་འགྱུར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ལྗང་མདོག་ཁྱིམ་གཞིས”སྔར་བས་ཟབ་གཏོད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རེན་ཝེ་དང་། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། འཇམ་དཔལ་བཅས་ལྷན་དུ་ཕེབས་པ་རེད།
ཝང་ཅུན་ཀྲེང་རྔ་ཆེན་ལའི་ཡུག་ཁུལ་དང་དོག་སྡེ་ལུང་ཤུར་དུ་ཕེབས་པ་དང་དེ་ནས་རི་རྩེར་ཕེབས་ཏེ་སྡོང་ཕྲུག་སྐྱེ་འཚར་ལ་གཟིགས་ཞིབ་གནང་བ་དང་། འདེབས་འཛུགས་འཆར་འགོད་ཀྱི་དཔེ་རིས་ལ་གཟིགས་པ། སྡོང་ཕྲུག་མི་འདྲ་བའི་ཁྱད་ཆོས་དང་། སྐྱེ་འཚར་དུས་འཁོར། རྒྱུན་གཏན་གྱི་བདག་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། སྡོང་ཕྲུག་འཛུགས་བཞིན་པའི་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་ཡང་གནང་བ་རེད། ཁོང་གིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་གྲངས་འབོར་དང་སྤུས་ཚད། གསོག་ཚད་དང་འཕར་ཚད་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཤིང་སྣ་དང་། མེ་ཏོག རྩྭ་བཅས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་བཀོད་ཇུས་བྱེད་པ། གང་འཚམ་དེ་འཛུགས། ཚན་རྩལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་སྡོང་ཕྲུག་གསོན་ཚད་དང་ནགས་ཚལ་ལ་འགྱུར་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་དགོས། ལས་གྲྭའི་སྤུས་ཚད་ཨང་དང་པོར་བཞག་ནས་སྤུས་ཚད་ལྟ་འདོམས་ཚད་གཞི་མཐོ་པོས་ལེགས་སྒྲུབ་བྱས་ཏེ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱེད་རིང་སེ་ར་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ཉང་བྲན་ལུང་ཤུར་ཡུག་ཁུལ་གྱི་རི་རྒོད་མུའུ་4600ལྷག་ཙམ་ལ་ཤིང་འཛུགས་ནགས་བཟོ་བྱེད་པའི་འགན་གཙང་བླངས་པ་རེད། སྔ་རྗེས་སུ་སྒྲོན་ཤིང་དང་ཤུག་པ་སོགས་ཀྱི་ཤིང་སྣ་བཏབ་པས་གསོན་ཚད་95%ཡན་ཟིན་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་ནགས་བཟོའི་ལས་དོན་སྤེལ་ཚུལ་གྱི་ངོ་སྤྲོད་གསན་པ་རེད། དེ་གར་བཏབ་པའི་ལྗོན་ཤིང་སྐྱེ་འཚར་ལེགས་པོ་ཡོད་པ་གཟིགས་རྗེས། དེ་གའི་ནགས་བཟོ་སྔོ་འགྱུར་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།
ཝང་ཅུན་ཀྲེང་གིས་བརྟག་ཞིབ་གནང་སྐབས། རིམ་པ་ཁག་དང་སྡེ་ཚན་ཁག་ལ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་ཡག་པོ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་བྱ་སྤྱོད་དངོས་ལ་བརྩི་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་ཞིབ་ཕྲར་བརྩི་བ། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་བ་བཅས་བྱས་ཏེ། ཤུགས་སྣོན་ཆད་མེད་དང་། ཡང་འབད་བསྐྱར་འབད། མགོ་ཡོད་མཇུག་ཡོད། གཅིག་རྗེས་གཉིས་མཐུད། རྒྱུན་སྲིང་ལྷོད་མེད་བཅས་ཀྱི་སྒོ་ནས་དམངས་འཚོའི་ལས་གྲྭ་འདི་ཡག་པོ་དང་ཏན་ཏིག་ངང་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་ལ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ལ་སྔར་བས་གནས་འཕྲོད་ལས་འཚམ་གྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་གཏོད་རྒྱུའི་ཆ་ནས་སྔོ་འགྱུར་གྱི་སྤུས་ཚད་དང་སྔོ་འགྱུར་གྱི་མཛེས་སྡུག་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་འདི་ཉིད“དཔྱིད་ཀར་མེ་ཏོག་སྣ་ཚོགས་བཞད་པ་དང་། དབྱར་ཁར་ལྗོན་ཤིང་གི་གྲིབ་བསིལ་ཡོད་པ། སྟོན་ཀར་ཚོན་མདངས་བཀྲ་བའི་འདབ་ལོས་བརྒྱན་པ། དགུན་ཁར་སྔོ་ལྗང་ལྗོན་ཤིང་མཐོང་རྒྱུ་ཡོད་པ”བཅས་ལ་འགྱུར་བ། མི་དམངས་ཀྱི་རི་བོ་སྔོ་ཐིང་ངེར་འགྱུར་བ་དང་། མཁའ་རླུང་གཙང་ཞིང་དག་པ། ཁོར་ཡུག་སྐྱིད་སྣང་དོད་པ་བཅས་ཀྱི་དགོས་མཁོ་དང་རེ་བ་མངོན་འགྱུར་ཡོང་བ་བཅས་བྱེད་དགོས། དོ་དམ་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནགས་བཟོ་བདག་སྐྱོང་མཉམ་སྤེལ་མཐའ་འཁྱོངས་དང་དོ་དམ་ལ་བརྟེན་ནས་ནགས་བཟོར་སྐུལ་འདེད་གཏོང་བ། གསོ་སྐྱོང་བདག་སྐྱོང་དང་གསབ་འདེབས་གསབ་བཟོ་སོགས་ཀྱི་བྱ་ཐབས་སྤྱོད་པ། ཤིང་སྡོང་ལ་ཆུ་འདྲེན་པ་དང་ནད་འབུའི་གནོད་འཚེ་འགོག་བཅོས་སོགས་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མེ་འགོག་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ“བཏབ་ན་གསོན་ཐུབ་པ་དང་། བདག་སྐྱོང་ཡག་པོ་ཐུབ་པ། ཡུན་རིང་གནས་ཐུབ་པ”བཅས་བྱེད་དགོས། ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་ཆེད་མཐའ་འཁྱོངས་བྱེད་པ། བསམ་ཕྱོགས་གསར་པ་དང་། བྱ་ཐབས་གསར་པ། ཐབས་ཤེས་གསར་པ་བཅས་འཚོལ་ཞིབ་ཧུར་ཐག་བྱེད་པ། སྒྲིག་འཛུགས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་མང་ཚོགས་ནགས་བཟོ་སྔོ་འགྱུར་ལ་ཞུགས་རྒྱུར་སྐུལ་སློང་ཧུར་ཐག་བྱེད་པ། ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱིས་ལྗང་མདོག་འཕེལ་རྒྱས་ཁྲོད་ཕན་འབྲས་དངོས་མཐོང་བ་དང་དངོས་ཕན་ཐོབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས། རིམ་ཁག་སྡེ་ཚན་ཁག་གིས་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཁོངས་མིའི་ཚན་པ་ཁག་གིས་ལས་བགོས་གཞིར་བཟུང་རང་འགན་གཙང་འཁུར་བྱེད་པ། གསལ་ཐོ་རྣམ་པའི་དོ་དམ་དང་། རྣམ་གྲངས་རྣམ་པའི་དོན་འཁྱོལ། ལས་གྲྭ་རྣམ་པའི་སྐུལ་འདེད་བཅས་མཐའ་འཁྱོངས་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཚད་གཞི་དང་སྤུས་ཚད་མཐོ་པོས་ལས་གྲྭ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔྱད་ཞིབ་ཚོད་སྐོར་གྱི་བཀོད་འདོམས་དབྱུག་པའི་ནུས་པ་གང་ལེགས་འདོན་པ། “སྡོང་ཕྲུག་གི་འགག་སྒོ་དང་། འདེབས་འཛུགས་ཀྱི་འགག་སྒོ བདག་སྐྱོང་གི་འགག་སྒོ”བཅས་ནན་པོ་སྲུང་བ། སྡོང་ཕྲུག་གསོན་ཚད་དེ་དཔྱད་ཞིབ་དམིགས་ཚད་གལ་ཆེན་ལ་བརྩི་བ། ཨར་ལས་ཚད་གཞི་ནན་པོར་གཞིགས་ནས་འགུལ་རྣམ་ཅན་དང་གནད་སྨིན་ཅན་གྱི་དཔྱད་བསྡུར་བཅས་བྱས་ཏེ“འཛུགས་ཐུབ་པ་དང་གསོན་ཐུབ་པའི”འགན་ལེན་བྱེད་དགོས། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། ལྷོ་རི་བྱང་རི་སྔོ་འགྱུར་གྱི་དོན་སྙིང་གལ་ཆེན་དང་། ནུས་པ་གལ་ཆེན། ཉམས་མྱོང་བྱེད་སྟངས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དཔེ་སྟོན་སྐུལ་ཁྲིད་ཀྱི་ཕན་ནུས་གང་ལེགས་བཏོན་ནས་སྤྱི་ཚོགས་ཡོངས་སུ་མི་ཚང་མས་དོ་ཁུར་དང་། མི་ཚང་མས་རྒྱབ་སྐྱོར། མི་ཚང་མས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་ཞུགས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།