ཁྲེན་ཡུང་ཆི་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བཀོད་གཏོང་དང་དུས་ཚིགས་གཉིས་པའི་གཙོ་གནད་རྣམ་གྲངས་ཀྱི་ཇུས་གཞིར་ཞིབ་འཇུག་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བཀོད་གཏོང་དང་། སྙན་སེང་གསན་པ། དུས་བབ་ལ་དབྱེ་ཞིབ། དུས་ཚིགས་གཉིས་པའི་གཙོ་གནད་རྣམ་གྲངས་ཀྱི་འགག་སྒྲོལ་བྱ་སྤྱོད་ཇུས་གཞིར་ཞིབ་འཇུག གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་དང་། ཝེ་ཤིའུ་ཁྲང་། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཁྲེན་ཡུང་ཆི་ཡིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཕྱོགས་སྟོན། འབྲས་བུའི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱེད་པ། ད་ཡོད་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། དུས་ཚིགས་གཉིས་པའི་དཔལ་འབྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱེད་དགོས། གོ་སྐབས་དམ་འཛིན་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ལག་བསྟར་བྱེད་པར་དམིགས་ཏེ། རང་ལྗོངས་ཀྱི་རྣམ་གྲངས་སྐྲུན་མགྱོགས་སུ་གཏོང་བ་དང་། རྒྱལ་བུན་མ་འཇོག་གི་རྣམ་གྲངས་ཚང་མ་ཟླ་6པའི་ཟླ་མཇུག་གོང་སྐྲུན་འགོ་འཛུགས་ཐུབ་པར་བྱེད་པ། རྣམ་གྲངས་གཞན་དག་འཆར་གཞི་ལྟར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས་ཕན་ཡོད་མ་འཇོག་གིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། འགལ་ཟླ་མངོན་གསལ་དོད་རིགས་ལ་དམ་འཛིན་དང་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་དམིགས་ཏེ། ཡུལ་སྐོར་མང་བའི་དུས་ཚིགས་དང་འཛད་སྤྱོད་མང་བའི་དུས་ཚིགས་ལ་དམ་འཛིན་བྱས་ནས་འཛད་སྤྱོད་སྐུལ་སྤེལ་ལོའི་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་པ་དང་། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་ཚབ་གསར་བརྗེ་གོ་སྐབས་སུ་བྱས་ཏེ། འཛད་སྤྱོད་ཀྱི་གླེང་མང་བའི་གནད་དོན་ལ་དོ་སྣང་བྱེད་པ་དང་། འཛད་སྤྱོད་ཀྱི་སྔོན་དཔག་ལེགས་སུ་གཏོང་བ། བྱེད་ཐབས་ཞིབ་ཚགས་སུ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འཛད་སྤྱོད་མང་དུ་འགྲོ་བར་སྐུལ་ཁྲིད་ཧུར་ཐག་བྱེད་དགོས། གཙོ་གནད་ལ་དམ་འཛིན་བྱས་ཏེ་གཙོ་གནད་ས་ཁུལ་དང་། གཙོ་གནད་ཐོན་ལས། གཙོ་གནད་ལས་རིགས། གཙོ་གནད་ཁེ་ལས་བཅས་ལ་དམིགས་ནས་དཔལ་འབྱོར་གྲོང་ཁྱེར་ཆེན་པོའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་དང་། ཐོན་ལས་གསུམ་པ་དང་ལྷག་པར་དུ་རིག་གནས་དང་ཡུལ་སྐོར་ལས་རིགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། གཙོ་གནད་བཟོ་ལས་ཁེ་ལས་དང་ཚན་རྩལ་ཁེ་ལས་སོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་དམིགས་སའི་རང་བཞིན་གྱི་བྱེད་ཐབས་དོན་འཁྱོལ་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་གལ་ཆེན་བྱེད་དགོས། བཀོད་གཏོང་འབྲེལ་མཐུད་ལ་དམ་འཛིན་བྱས་ཏེ་ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་ཚད་ལ་དམ་པོར་དམིགས་ནས་དུས་ཚིགས་གཉིས་པའི་ལས་འགན་དང་དམིགས་ཚད་ཞིབ་ཚགས་སུ་གཏོང་བ་དང་། ས་ཁུལ་དང་གྲོང་ཁྱེར་གྱི་གཏོགས་ཁོངས་འགན་འཁྲི་དང་ལས་རིགས་སྡེ་ཚན་གྱི་གཙོ་གཉེར་འགན་འཁྲི་ནན་དུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་དང་བཀོད་གཏོང་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ། སྡེ་ཚན་དབར་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྟེ་བའི་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་འགན་ལེན་གྱིས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།