དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཟླ་4ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་པ། ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀྲང་ཧུང་པོ། ལང་ཧྥུའུ་ཁོན། ཞུས་ཀྲི་ཐའོ། ཏུའུ་ཅན་ཀུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་ཆོས་ལུགས་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་མ་ཟད། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ནས་ང་ཚོས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་བེད་སྤྱོད་ཏན་ཏིག་བྱས་ནས་ཆོས་ལུགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་། རང་ལྗོངས་ཀྱི་ཆོས་ལུགས་དོ་དམ་ཞབས་ཞུའི་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཡང་དག་པའི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་”བཅས་ཀྱི་སློབ་གསོ་སྤེལ་བ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆེན་པོ་འགོག་སེལ་ཧུར་ཐག་བྱས་ནས་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་པ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་བཀག་འགོག སིམ་འཛུལ་བཀག་བཀོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་གསལ་འགྲེལ་ལས་དོན་གཏིང་ཟབ་སྤེལ་བ་དང་། མི་སེར་གྱིས་གོ་ཐུབ་པ་དང་བློ་ལ་ངེས་ཐུབ་པའི་སྐད་ཆར་བརྟེན་ནས་གསེར་བུམ་དཀྲུག་འདོན་སོགས་ལོ་རྒྱུས་ཀྱི་གཏན་སྲོལ་དང་ཆོས་ལུགས་ཀྱི་ཆོ་ག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བོད་བརྒྱུད་ནང་བསྟན་ཁྲོད་མཉམ་འདྲེས་ཐུབ་པ་བཅས་བྱས་ནས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། “འདུ་ཤེས་གསུམ”གྱི་སློབ་གསོ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་ནས་བྱེད་སྟངས་དང་ཐབས་ལམ་གསར་གཏོད་བྱེད་པ་དང་། གྲྭ་བཙུན་གྱི་རང་ངོས་སློབ་གསོར་ཤུགས་སྣོན་རྒྱག་པ། དཔེ་མཚོན་འདེམས་གཏོད་ཧུར་ཐག་དང་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཡུན་རིང་བདེ་འཁོད་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་གང་ཐུབ་བྱེད་དགོས། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དད་ལྡན་མང་ཚོགས་ལ་དུས་ཚོད་དང་སེམས་ནུས་སྔར་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ལེགས་བཅོས། ལས་བརྩོན་ཕྱུག་འགྱུར་བཅས་ཀྱི་ཐད་སྤྱད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་དགོས། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་དེ་བཞིན་རྩ་བ་བརྟན་ཚུགས་བྱས་ནས་ཆོས་ལུགས་ལས་དོན་གྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཁྱབ་པར་སྐུལ་འདེད་གཏོང་བ། “མང་དུ་གཏོང་རྒྱུ་མེད་པ་གསུམ”གྱི་མཐའ་ཚད་ནན་པོ་སྲུང་བ་བཅས་བྱས་ཏེ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཆོས་ལུགས་ལས་དོན་གྱི“དཔུང་ཁག་གསུམ”འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆོས་ལུགས་གཏོགས་ཁོངས་ཀྱི་འཐུས་ཚབ་མི་སྣ་ཤེས་རྟོགས་དང་། གསོ་སྐྱོང་། བསྐོ་སྤྱོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ཆོས་ལུགས་གཏོགས་ཁོངས་ཀྱི་འཐུས་ཚབ་མི་སྣ་དང་ཏང་དབར་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་དོན་དེ་ཉིད་བོད་ཀྱི་ལས་དོན་མཐའ་དག་ཁྲོད་འཐབ་ཇུས་རང་བཞིན་དང་ཕྱོགས་ཡོངས་རང་བཞིན་གྱི་གནས་བབ་ལྡན་པ་དང་ལྗོངས་ཡོངས་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ལྡན་ཡོད། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པར་རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། ཆོས་ལུགས་ལས་དོན་དང་ལྟེ་བའི་ལས་དོན་གཉིས་ཐུན་མོང་ཐོག་ཇུས་འགོད་དང་། གཅིག་གྱུར་བཀོད་སྒྲིག མཉམ་དུ་ལག་བསྟར་བཅས་བྱས་ནས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་གྱི་ཚན་རིག་དང་མཐུན་པའི་བྱེད་ཐབས་ཁོང་དུ་ཆུད་པ་དང་། ཕྱོགས་ཡོངས་དང་། འབྲེལ་གཏུག འཕེལ་རྒྱས་བཅས་ཀྱི་ལྟ་བ་སྤྱད་ནས་ཆོས་ལུགས་ཀྱི་གནད་དོན་ལ་རྩོད་སྒྲུབ་ཀྱིས་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱེད་པ། དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། འགལ་ཟླ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་མཁས་པོ་བཅས་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་དོན་ཚན་གལ་ཆེན་ལ་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།