དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་བོད་དུ་བཅའ་སྡོད་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོའི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-11

    དྲང་ནུས་དར་སྤེལ་གཏོང་བ་དང་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས།

    ཚེས་8ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་དུ་བཅའ་སྡོད་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོའི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་ཞིང་། ཁོང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དྲང་ནུས་དར་སྤེལ་གཏོང་བ་དང་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    དབང་ཧའེ་ཀྲོའུ་དང་། ཟླ་བ་ཚེ་རིང་། ཝང་ཅུན། ཞུས་ཀྲི་ཐའོ། སྒྲོལ་དཀར། ཏུའུ་ཅན་ཀུང་བཅས་ཞུགས་པ་རེད།

    བཞུགས་མོལ་གནང་རིང་། བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་གྱི་འགན་འཁུར་བས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་དྲིལ་བསྒྲགས་གཏོང་སྤེལ་སྐོར་ལ་སྤེལ་རེས་གནང་བ་རེད། ཝང་ཅུན་ཀྲེང་གིས་གསན་ཞོར་དུ་ཟིན་བྲིས་ཡང་ཡང་བསྐྱོན་ནས་སྐབས་སྐབས་སུ་ཚང་མ་དང་སྤེལ་རེས་གནང་ཞིང་། ཁོང་གིས་དུས་ཡུན་རིང་པོའི་ནང་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་གྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་གི་ལྟ་བ་འཛིན་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས་ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཕྱོགས་བསྡུས་རྣམ་པ་བཅས་ཀྱི་དྲིལ་བསྒྲགས་བརྒྱུད། སྤུས་ཚད་མཐོ་བ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གསར་འགྱུར་བརྩམས་ཆོས་ཁག་གཅིག་བཏོན་ནས་བོད་ཀྱི་སྐད་སྒྲ་ཁྱབ་སྤེལ་དང་བོད་ཀྱི་གཟུགས་བརྙན་བཟང་པོ་མངོན་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་ལོ་ཞིག་ཡིན་པས། གསར་འགྱུར་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་ཏེ། དུས་རབས་གསར་པའི་བོད་ཀྱི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་ཕྱོགས་བསྡུས་རང་བཞིན་གྱི་སྒོ་ནས་མཚོན་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཞི་ཚུགས་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་དྲིལ་བསྒྲགས་པ་ཡག་པོ་བྱེད་དགོས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་ཡག་པོ་དང་། བོད་ཀྱིས་རྒྱུན་སྲིང་ལྷོད་མེད་ངང“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་དྲིལ་བསྒྲགས་ཡག་པོ། མང་ཚོགས་ཉེ་འགྲམ་གྱི་མི་སེམས་འགུལ་བའི་བྱ་བ་མང་ཙམ་བརྗོད་པ། མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་མང་ཙམ་བྱས་ནས་སེམས་མཐུན་ཡོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། དུས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ་བྱེད་ཐབས་གསར་གཏོད་བྱས་ནས་བོད་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ལ་སྐུལ་འདེད་གཏོང་མཁན་ཡག་པོ་ཞིག་བྱེད་དགོས། འགྲོ་ནུས་དང་། ལྟ་ནུས། བསམ་ནུས། འབྲི་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ས་ཕྱོགས་གང་སར་བསྐྱོད་དེ་མང་ཚོགས་ཀྱི་བདེ་སྡུག་མཚོན་པའི་བརྩམས་ཆོས་ཡག་པོ་ཁག་གཅིག་གསར་རྩོམ་བྱས་ནས། གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། སྤྱི་མོས་ཐོབ་ཚད་བཅས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས། མཐུན་སྒྲིལ་བརྟན་ལྷིང་གི་ངར་ཤུགས་དང་དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་འཛིན་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ལེགས་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གླེང་ཕྱོགས་ཀྱི་སྟོན་ཕྱོགས་ཡང་དག་གི་སྣེ་ཁྲིད་པ་ཡག་པོ་ཞིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་རིམ་ཁག་དྲིལ་བསྒྲགས་སྡེ་ཚན་གྱིས་དེ་བས་དོན་གཉེར་ནུས་ཆེ་དང་སྟབས་བདེ་འབྲེལ་གཏུག་བདེ་བླག་གི་ལམ་སྲོལ་དང་དྲིལ་བསྒྲགས་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ས་གནས་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་སྨྱན་སྦྱོར་གྱིས་ལས་དོན་སྤེལ་བར་རྒྱབ་སྐྱོར་དང་འགན་ལེན་ཧུར་ཐག་བྱས་ཏེ་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ནས། མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་ཐུན་མོང་ཐོག་གཅིག་སྒྲིལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།