དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་བོད་སྐྱོར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-10

    ཟླ་4ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་བོད་སྐྱོར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

    ལས་དོན་གྱི་སྤྱི་ཡོངས་ལ་གཞི་ཚུཊ་པ་དང་། རང་ངོས་ཀྱི་ལེཊ་ཆ་འདོན་སྤེལ་བྱེད་པ། དུས་རབས་གསར་པའི་བོད་སྐྱོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེཊ་སྐྱེས་དེ་བས་ཆེ་བ་འབུལ་དགོས།

     ཟླ་4ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་བོད་སྐྱོར་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ལས་དོན་གྱི་སྤྱི་ཡོངས་ལ་གཞི་ཚུགས་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། དུས་རབས་གསར་པའི་བོད་སྐྱོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལའེ་ཅའོ་དང་། ཟླ་བ་ཚེ་རིང་། རྒྱལ་མཚན། ལུའོ་མེ། ཝང་ཀང་། ཏུའུ་ཅན་ཀུང་བཅས་ཚོགས་འདུར་ཞུགས་པ་རེད།

    བོད་སྐྱོར་ལས་བྱེད་པའི་ལས་དོན་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཁོང་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་རྗེས། ཝང་ཅུན་ཀྲེང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ཏེ་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། འདི་ལོ་ནི་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་རེད། ལོ་མང་རིང་། བོད་སྐྱོར་ལས་བྱེད་པ་ཁག་ཐེངས་རེ་རེས་བོད་འདི་ཉིད་ཕ་ཡུལ་གཉིས་པར་བརྩིས་ནས་བོད་སྐྱོར་བྱ་གཞག་ནང་ཧུར་ཐག་ཞུགས་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་བསྒྲུབས་ཏེ། བོད་སྐྱོར་ལས་དོན་གྱི་འདུ་ཤེས་སྔར་བས་དོན་དངོས་དང་འཚམ་པ་དང་། ལམ་སྲོལ་སྔར་བས་འཐུས་ཚང་ཡོང་བ། གཞི་རྟེན་སྔར་བས་དངོས་གཉེར་བྱེད་པ། ཕན་འབྲས་སྔར་བས་མངོན་གསལ་དོད་དུ་འགྲོ་བ་བཅས་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་དེ་བཞིན་ཁོང་ཚོ་བརྒྱུད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་། རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། བོད་སྐྱོར་ལས་དོན་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་བཏོན་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཡག་པོ་ལེན་པ་དང་དོན་འཁྱོལ་ཡག་པོ་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་སྐྱོར་ལས་དོན་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས། བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་འབད་འཐབ་དམིགས་ཚད་ལ་བརྩི་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་པ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། རྩ་བར་དོ་དམ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་ཐུབ་པར་བྱས་ནས་དེ་བས་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་ཚན་རིག་དང་མཐུན་པའི་བྱ་ཐབས་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས་མིག་སྔ་དང་སླད་ཕྱིན་དང་། ཕྱོགས་ཡོངས་དང་གཙོ་གནད། ལྟོ་གོས་ཀྱི་གནད་དོན་དང་བསམ་བློའི་གནད་དོན། རོགས་སྐྱོར་དང་མཉམ་ལས་བཅས་དབར་གྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱེད་པ་དང་། ལས་དོན་གྱི་གཙོ་གནད་དང་ཚད་བརྒལ་ས་འཚོལ་ཞིབ་གནད་འཁེལ་བྱེད་པ། བསམ་ཕོད་པ་དང་། སྒྲུབ་ཕོད་པ། ཚོད་ལྟ་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་རིམ་པ་བཞིན་སྒྲུབ་པ་དང་གཅིག་རྗེས་གཉིས་མཐུད་ངང་དམ་འཛིན་བྱས་ཏེ། བོད་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་དོན་སྤྱི་ཡོངས་ལ་གཞི་ཚུགས་པ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་བ་དང་། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། རང་འགུལ་ངང་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་བཀོད་ཇུས་ནང་ཞུགས་པ། ཕྱོགས་མང་པོ་དང་། རིམ་པ་མང་པོ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་སྒོ་ནས་བོད་སྐྱོར་ལས་དོན་སྤེལ་ཏེ། བརྩེ་བ་ཟབ་མོ་འཆང་བ་དང་བློ་གཅིག་སེམས་གཅིག་གིས་རོགས་སྐྱོར་བྱ་ཡུལ་ས་ཁུལ་ལ་འཕེལ་རྒྱས་དོན་གཉེར་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས། ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་དང་དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་ཐབས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་བར་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་ཤུགས་ཆེན་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཤུགས་ཆེན་བསྐྲུན་པ་བཅས་བྱས་ཏེ། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་དང་། མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས། ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ཐད་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱེད་དགོས། ལས་བྱེད་པའི་བྱང་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། རིག་སྟོབས་བོད་སྐྱོར་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། “བརྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་ཤུགས་ཆེན་སྤེལ་བ་བཅས་བྱས་ཏེ་གནས་ཐུབ་པ་དང་། སྤྱོད་ཐུབ་པ། ལས་དོན་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་ཅིག་བཏོད་དེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལོ་གསུམ་རིང་གི་བོད་སྐྱོར་འཚོ་བ་ནི་མི་ཚེ་གཅིག་རིང་གི་བོད་ལ་བཅངས་པའི་བརྩེ་བ་རེད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་སེམས་ནུས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཞུགས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་དང་ཞབས་འདེགས་ཡག་པོ་ཞུས་ནས་བོད་སྐྱོར་ལས་བྱེད་པའི་ནུས་པ་འདོན་ཆེད་ཁོར་ཡུག་བཟང་པོ་ཏན་ཏིག་བསྐྲུན་དགོས། ལྷག་བསམ་ཟོལ་མེད་ཀྱིས་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ། ཆབ་སྲིད་ནས་ལྕག་སྐུལ་གང་ལེགས་དང་། ལས་ཀར་རྒྱབ་སྐྱོར་ཤུགས་ཆེན། འཚོ་བར་སེམས་ཁུར་ཤུགས་ཆེན། དོ་དམ་ལ་བླང་བྱ་ནན་པོ་འདོན་པ་བཅས་བྱས་ནས་ལས་ཀ་དང་འཚོ་བའི་དཀའ་ངལ་ཐག་གཅོད་ཧུར་ཐག་བྱེད་དགོས། གསོ་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་ཕུལ་བྱུང་ཤེས་ལྡན་པ་གཟེངས་སུ་ཐོན་པའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བསྐྲུན་དགོས། ཉམས་མྱོང་གསོག་པར་དོ་སྣང་བྱས་ཏེ་ཅིའི་ཕྱིར་བོད་སྐྱོར་བྱེད་པ་དང་། བོད་དུ་གང་ཞིག་སྒྲུབ་པ། བོད་དུ་གང་ཞིག་འཇོག་པ་བཅས་གསལ་པོ་ཤེས་པར་བྱས་ནས་ལུས་སེམས་གཉིས་ཀ་བོད་དུ་གཞི་ཚུགས་ཐུབ་པར་བྱས་ཏེ་རང་འགན་གཙང་སྒྲུབ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

    བཞུགས་མོལ་ཚོགས་འདུའི་ཐོག་བོད་སྐྱོར་ལས་བྱེད་པ་ཀྲོའུ་ཤང་ཐིང་དང་། ཀེ་ཡུང་མིང་། ཝུའུ་ཁྲའོ་ཅན། ལེང་ཡུང་། ཤ་ཀྲི་ཆང་། ཕན་ཀྲི་ཅུན། ཀྲང་ཅིན་ཤང་། ཕེང་དབྱི་ཧའོ། ཨན་ཞང་། སུང་ལི་ཆང་། ཆུས་ཡུས་ཞང་བཅས་ཀྱིས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།