རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་པ།
ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་བར་ཞིབ་འཇུག་དང་འཆར་འགོད་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཁྲེན་ཡུང་ཆི་དང་། ལྕགས་རྭ·བློ་བཟང་བསྟན་འཛིན། ལུའོ་མེ། ཀྲང་ཧུང་པོ། ལང་ཧྥུའུ་ཁོན། ཝེ་ཤིའུ་ཁྲང་། ཞུས་ཀྲེ་ཐའོ་བཅས་ཚོགས་འདུར་ཞུགས་པ་དང་། རེན་ཝེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འགྲིམ་འགྲུལ་ནི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི“སྦྲེལ་ཟམ”ལྟ་བུ་རེད། ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་བའི་འཆར་འགོད་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་འཆར་འགོད་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་ཅིག་ཡིན་ལ། འབྱུང་འགྱུར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན་པས་འབྲེལ་བ་གལ་ཆེ་ཞིང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད། “འགྲིམ་འགྲུལ་ནི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་འབྱེད་གདོང་ལེན་པ་ཡིན་པའི”ངེས་གནས་དེ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་གཞི་ཚུགས་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་པ།རིགས་པས་ཁུངས་སྐྱེལ་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཇུས་ཤུགས་མཉམ་འདོན་བཅས་བྱས་ཏེ། འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་། ཆོག་འཐུས་རང་བཞིན། སྔ་བལྟས་ཕྱི་བསམ་གྱི་རང་བཞིན་བཅས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས“འཕར་རྩ་ཆེ་མོ”ཤར་གཏོང་ཐུབ་པ་བྱས་ནས་བོད་ནས་འགྲོ་འོང་བྱེད་པའི་བགྲོད་ལམ་ཆེན་པོ་བསྐྲུན་རྒྱུ་དེ་དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ་མིག་སྔ་དང་སླད་ཕྱིན་ལ་སྤྱི་འདོམས་བྱེད་པ་དང་། སྟོང་ཆ་དང་ཞན་ཆ་གསབ་པར་དམིགས་ཏེ་ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ་བཅས་ཕྱོགས་ཡོངས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། དེང་རབས་ཅན་དང་སྤུས་ཚད་མཐོ་བའི་འགྲིམ་འགྲུལ་མ་ལམ་གཙོ་བོ་ནུས་ཤུགས་ཡོད་རྒུས་སྐྲུན་དགོས་པ་དང་། “འཁོར་རྒྱུག་ཕྲན་མོ”ཤར་བགྲོད་ཐུབ་པར་བྱས་ནས་རྫོང་ཁོངས་སུ་སྐོར་ལམ་ཆུང་བ་དང་རྫོང་ཆུས་དབར་འབྲེལ་མཐུད་ཆེན་པོ་ཡོང་བར་ཤུགས་རྒྱག་པ་དང་། “སྣེ་ཆད་གཞུང་ལམ”དང“སྐེ་འགག་ལམ་བུ” “ཕྱེད་བསྐྲུན་ལས་གྲྭ”སོགས་ཀྱི་གནད་དོན་ལ་མཐིལ་རྟོགས་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་འགྲོ་སྐྱོད་ཀྱི“དཀའ་གནད”དང“འགག་གནད”ཁག་གཅིག་མེད་པར་བཟོ་དགོས་པ། བརྒྱུད་རིམ་རང་བཞིན་ལ་སྣང་ཆེན་བྱས་ནས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་འཆར་འགོད་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་འགྲིམ་འགྲུལ་དང་ཐོན་ལས་དང་། འགྲིལ་འགྲུལ་དང་རིག་གནས་ཡུལ་སྐོར་གྱི་ཡུན་རིང་འཆར་འགོད་འབྲེལ་མཐུད་ཀྱི་ཕན་འབྲས་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ནས། འཛུགས་སྐྲུན་བསྐྱར་མ་དང་ཐོན་ཁུངས་འཕྲོ་བརླག་གཏོང་རིགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།