རང་སྐྱོང་ལྗོངས་ཀྱི་གཏོང་སྤྲོད་ཞབས་ཞུ་ལེགས་གཏོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ཝེ་ཞིའུ་ཁྲང་ཚོགས་འདུར་ཞུགས་པ།
ཚེས་3ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཞིའུ་ཁྲང་གིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་ནས《གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་བཏང་ནས་གཏོང་སྤྲོད་ཀྱི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ཇུས་གཞིར་ཞིབ་འཇུག གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། རྒན་རྒོན་དང་ཀྲུང་གོར་ཡོང་མཁན་ཕྱི་ཁོངས་མི་སྣ་སོགས་ཚོགས་སྤྱིའི་སྣ་མང་ཅན་གྱི་གཏོང་སྤྲོད་ཞབས་ཞུའི་དགོས་མཁོ་དེ་བས་ཡག་པོ་བསྐངས་ནས་གཏོང་སྤྲོད་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་ནི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། གཏོང་སྤྲོད་ཞབས་ཞུའི་ལས་ཀའི་བྱ་ཐབས་ལེགས་སུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་གཏོང་སྤྲོད་ཀྱི་འགག་སའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། སྲིད་ཇུས་གནད་སྨིན་ཁོང་དུ་ཆུད་པར་བྱས་ནས་དངུལ་ཁང་གཱ་བདག་སྤྲོད་ཀྱི་ཁོར་ཡུག་ལེགས་བཅོས་དང་། འཛད་སྤྱོད་པའི་གཏོང་སྤྲོད་འདེམས་དབང་འགན་ལེན། སྒུལ་བདེའི་གཏོང་སྤྲོད་སྟབས་བདེ་རུ་གཏོང་བ། དངུལ་སྨར་ཐ་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་འཛུགས་པ། ཆ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དམིགས་ཚད་ལ་དམ་པོར་དམིགས་པ་དང་ཕྱོགས་གཅིག་ཏུ་ཤུགས་རྒྱག་པའི་ལས་ཀའི་རྣམ་པ་ཆགས་པར་བྱེད་དགོས།