དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་ལྷ་སར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་བཤད་གནང་དོན།

    རྒྱུན་སྲིང་ལྷོད་མེད་ངང་སྔོ་ལྗང་འདེབས་འཛུགས་དང་སྲུང་སྐྱོང་དར་སྤེལ་གྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་དུ་འགྱུར་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས།ཁྲེན་ཡུང་ཆི་དང་ལིའུ་ཅང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-06

    ཟླ་4ཚེས་3ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་སར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ལོ་ཆུང་གདོང་ལེན་རུ་མི་དང་ལྷན་དུ་བཙུགས་མ་ཐག་པའི་སྡོང་ཕྲུག་ལ་ཆུ་བསྐྱོན་བཞིན་པ།

    ཟླ་4ཚེས་3ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་སར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཡུལ་བབ་དང་བསྟུན་པ་དང་། ཆོས་ཉིད་ལ་བརྩི་འཇོག འགན་འཁྲི་ནན་དུ་གཏོང་བ་བཅས་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་སྔོ་ལྗང་འདེབས་འཛུགས་དང་། སྲུང་སྐྱོང་། དར་སྤེལ་གྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་དུ་འགྱུར་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གང་མགྱོགས་འཛུགས་གཏོད་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་དང་། ཁྲེན་ཡུང་ཆི། ལིའུ་ཅང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བསམ་གྲུབ་གླིང་གི་ཤིང་འཛུགས་སར་ཕེབས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་ལྷན་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་ལྗང་མདོག་གི་བཀྲག་མདངས་བསྣན་པ་རེད།

    སྦྱག་མ་བསྣམས་ནས་ས་དོང་འདྲུ་བ་དང་། ས་སྣོན་བརྒྱབ་ནས་ཤིང་སྡོང་སྐྱོར་བ། ཆུ་རྒྱག་པ་སོགས་ཝང་ཅུན་ཀྲེང་གིས་གསོམ་ཤིང་དང་། མེ་གླིང་བྱང་མའི་མངར་འབྲས་སྡོང་པོ། ཁམ་སྡོང་། ལོ་སེར་ལི་སོན་སོགས་ཀྱི་སྡོང་ཕྲུག་བསྟུད་མར་བཏབ་གནང་ནས་དེ་གར་ཚ་ཚ་འུར་འུར་གྱིས་ངལ་རྩོལ་བྱེད་པའི་རྣམ་པ་ཞིག་མངོན། ཝང་ཅུན་ཀྲེང་གིས་ངལ་རྩོལ་གནང་ཞོར་དུ་ཕྲུ་གུ་ཚོར་སློབ་སྦྱོང་འཚོ་བ་དང་། དེ་བཞིན་ངལ་རྩོལ་སྦྱོང་བརྡར་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོ་ཚོར་ཆུང་དུས་ནས་ངལ་རྩོལ་ལ་དགའ་ཞེན་དང་ངལ་རྩོལ་ལ་ཞུགས་པ་དང་། སློབ་སྦྱོང་ལ་འབད་བརྩོན། གཟུགས་པོར་སྦྱོང་བརྡར། བློ་རིག་ལ་ཞུན་བརྡར། དཀའ་ངལ་འཕྲད་རུང་དཔའ་མི་ཞུམ་པར་སྡོང་ཕྲུག་ལྟར་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཏེ། མི་དམངས་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལོན་པའི་འཛུགས་སྐྲུན་པ་ཞིག་དང་བློ་འཁེལ་བའི་ཤུལ་འཛིན་པ་ཞིག་ཧུར་ཐག་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད།

    “སྡོང་ཕྲུག་གི་རིན་གོང་ག་ཚོད་རེད་དམ། གསོན་ཚད་གང་འདྲ་འདུག་གམ ཆུ་འགན་ལེན་ཇི་ལྟར་བྱེད་ཀྱི་ཡོད་དམ”ཞེས་ཤིང་འཛུགས་པའི་བར་གསེང་དུ་ཝང་ཅུན་ཀྲེང་གིས་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོ་དང་གླེང་མོལ་གནང་ནས་ཤིང་འཛུགས་ནགས་བཟོའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཡུལ་བབ་དང་བསྟུན་པ་དང་། ཆོས་ཉིད་ལ་བརྩི་འཇོག རང་འགུལ་ངང་བྱ་སྤྱོད་སྤེལ་བ། འགན་འཁྲི་ནན་དུ་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་རྒྱུན་གཏན་གྱི་གཡོག་བྱེད་དང་བདག་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་རང་ས་རང་ཡུལ་གྱི་ལྗོན་ཤིང་འདེབས་གསོ་ཧུར་ཐག་བྱས་ནས་དངུལ་ཚང་མ་མཁོ་སར་སྤྱད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཤིང་བཙུགས་ཚར་རྗེས། ཝང་ཅུན་ཀྲེང་གིས་ཕེབས་མཚམས་བཞག་ནས་རྒྱང་ལྟ་གནང་སྐབས། རི་སྟེང་དུ་རིམ་བཞིན་སྔོ་ཁ་སོས་ནས་མིག་དབང་འཕྲོག་པ་ཞིག་ཡོད་པ་གཟིགས་ཤིང་། ཁོང་གིས་གསུངས་དོན། ཤིང་འཛུགས་ནགས་བཟོ་བྱེད་རིང་བཙུགས་པ་ནི་སྡོང་ཕྲུག་རེ་རེ་ཙམ་མིན་པར་ལྗང་མདོག་གི་རེ་བ་ཡང་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་འགན་ལེན་བྱེད་པའི་ལོ་རྒྱུས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་ཤིང་འཛུགས་ནགས་བཟོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་འཐབ་ཇུས་གལ་ཆེན་ཞིག་ལ་བརྩིས་ཐོག རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“རི་གཉིས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་གཏོང་རིང་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་མངོན་འགྱུར་ཐུབ་པ་མཐའ་འཁྱོངས་ཀྱིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཧུར་ཐག་ཡོང་བར་བྱེད་དགོས། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ནགས་ཤིང་འདེབས་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱིས་ངལ་ནུས་བཏོན་ཏེ་སྔོ་འགྱུར་ནགས་བཟོ་ལ་ཞུགས་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱེད་པ། ཞིང་འབྲོག་པའི་ཡོང་འབབ་མང་དུ་ནུས་ལྡན་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་ལ་བརྟེན་ནས་དམངས་ལ་ཕན་པ་སྐྲུན་པ་དང་། སྐྱེ་ཁམས་ལ་བརྟེན་ནས་དམངས་ལ་ཕན་འདོགས་པ། སྐྱེ་ཁམས་ལ་བརྟེན་ནས་དམངས་ལ་བྱ་བ་སྒྲུབ་པ་བཅས་དངོས་འབྲེལ་བྱེད་དགོས། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྤུས་ཚད་དང་ཕན་འབྲས་ལ་སྣང་ཆེན་བྱེད་པ། རང་འགན་གཙང་སྒྲུབ་བྱེད་སྟངས་གསར་གཏོད་བྱེད་པ། སྔོ་འགྱུར་དང་མཛེས་བཟོའི་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་བ། འཆར་གཞི་གཅིག་མཐར་ཕྱིན་པ་འགོད་རྒྱུ་མཐའ་འཁྱོངས་བྱེད་པ། ལས་དོན་རེ་རེ་བཞིན་སྒྲུབ་པ་བཅས་བྱས་ནས། ལྷོ་རི་བྱང་རི་དེ་ཉིད་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀྲག་མདངས་འཚེར་བའི་མིང་བྱང་དུ་དངོས་འབྲེལ་བཏོད་དེ་བོད་ཀྱི“ལྗང་མདོག་ཁྱིམ་གཞིས”རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེད་ཐབས་དང་གཞི་རྟེན་གསར་གཏོད་བྱེད་པ། ཤིང་འཛུགས་ནགས་བཟོའི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་སྔོ་ལྗང་ལ་དགའ་ཞེན་དང་། སྔོ་ལྗང་འདེབས་འཛུགས། སྔོ་ལྗང་སྲུང་སྐྱོང་། སྔོ་ལྗང་དར་སྤེལ་བཅས་ཀྱི་ཤེས་དཔལ་དར་སྲོལ་བཏོད་དེ་དམངས་ཡོངས་འོས་འགན་ཤིང་འཛུགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།