རང་སྐྱོང་ལྗོངས་ཀྱི་2024ལོའི་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ། ཁྲེན་ཡུང་ཆི་དང་ལིའུ་ཅང་ཚོགས་འདུར་ཞུགས་པ།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ནགས་རྩྭ་ཆུ་མཚོ་བཅས་ཀྱི་དོ་དམ་དང་སྲུང་སྐྱོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་དགོས།
ཟླ་4ཚེས་2ཉིན། རང་སྐྱོང་ལྗོངས་ཀྱི་2024ལོའི་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན། སྤྱི་ཁྱབ་ཆུ་དཔོན་དང་མཚོ་དཔོན་བཅས་ཡིན་པའི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ནགས་སྐྱོང་གིས་ནགས་ཚལ་འཕེལ་བ་དང་ཆུ་བཅོས་ཀྱིས་ཆུ་མོ་རྒྱས་པར་བྱ་རྒྱུ་དེ་བྱས་རྗེས་དང་ཕན་འབྲས་གསར་པར་བརྩིས་ཏེ། ནགས་རྩྭ་ཆུ་མཚོ་བཅས་ཀྱི་དོ་དམ་སྲུང་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཕེབས་པ་རེད།
ཚོགས་འདུའི་ཐོག 2023ལོར་ལྗོངས་ཡོངས་སུ་ནགས་དཔོན་ལམ་ལུགས་དང་། ཆུ་དཔོན་མཚོ་དཔོན་ལམ་ལུགས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་བཅས་ཁྱབ་གདལ་གཏོང་ཚུལ་གྱི་སྙན་ཞུ་དང་། ས་ཁུལ་དང་གྲོང་ཁྱེར་གྱི་ནགས་དཔོན་དང་། ཆུ་དཔོན། མཚོ་དཔོན་བཅས་ཀྱི་ལས་འགན་སྒྲུབ་ཚུལ་གསན་པ་མ་ཟད། 2024ལོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་བཏོན་གནང་བའི་ཐབས་ཇུས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་འབད་འཐབ་དམིགས་ཚད་ཁ་གསལ་བཏོན་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་བཏང་བས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཉིན་བཞིན་བརྟན་དུ་ཕྱིན་ཡོད། ད་ཆའི་བོད་དུ་ནམ་མཁའ་དེ་བས་གཡའ་དག་པ་དང་། ས་གཞི་དེ་བས་སྔོ་ལྗང་། ཆུ་མོ་དེ་བས་དྭངས་བ། ཡུལ་ལྗོངས་དེ་བས་མཛེས་པ་བཅས་ཡོད་པས་ཕྱོགས་གང་ས་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་རྣམ་པ་མངོན་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར་རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་པས། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལྕི་པོ་མཐའ་གཅིག་ཏུ་ཁུར་ཏེ་རྣམ་འགྱུར་བརྟན་ཤོས་དང་། ལམ་ལུགས་ནན་ཤོས། བྱ་ཐབས་ནུས་ལྡན་བཅས་ཀྱི་ཐོག་ནས་ནགས་ཚལ་དང་། རྩྭ་ཐང་། ཆུ་བོ། མཚོ་བཅས་སྲུང་སྐྱོང་དང་བཅོས་སྐྱོང་གི་ལས་དོན་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་མུ་མཐུད་དངོས་འཛིན་དངོས་སྒྲུབ་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་དགོས། ནགས་དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་ཡོང་བར་སྐུལ་འདེད་མགྱོགས་པོ་གཏོང་བ། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་སྤྱོད་སྒོར་དོ་དམ་ཚོད་འཛིན་ནན་པོ་བྱེད་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་མཐའ་ཚད་སྲུང་སྐྱོང་ཏན་ཏིག་བྱེད་དགོས། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་ཀུན་ཕན། སྐྱེ་ཁམས་དམངས་ཆེད་བཅས་མཐའ་འཁྱོངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་དང་། ཐོན་ལས། དམངས་འཚོ་བཅས་ཀྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས། ཐཱན་བསྡུས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཧུར་ཐག་འགྱུར་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་ལྗང་མདོག་གི་ཕན་བདེ་དང་སྐྱེ་ཁམས་ཀྱི་ཕན་བདེ་དེ་བས་མང་བ་ལོངས་སྤྱོད་ཐུབ་པར་བྱེད་དགོས། མེ་ཟོན་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ནི་ཡུན་རིང་གི་ལས་གྲྭ་ཞིག་ཡིན་པས་ཡུན་རིང་འབད་འཐབ་བྱེད་པའི་བསམ་བློ་བརྟན་པོར་བཙུགས་ཏེ། བྲེལ་འཚུབ་བྱེད་མི་རུང་ལ་དལ་དལ་ལྷོད་ལྷོད་ཀྱང་བྱེད་མི་རུང་བའི་རྣམ་འགྱུར་ཐོག་ནས་ལྷོ་རི་བྱང་རི་སྔོ་འགྱུར་གྱི་ལས་དོན་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་དང་། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་མྱུར་དུ་ལེགས་འགྲུབ་ཡོང་རེ་བྱེད་མི་རུང་། རང་བྱུང་སླར་གསོ་གཙོ་བོར་འཛིན་པ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རང་བྱུང་སླར་གསོའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ལས་ཀའི་ལམ་སྲོལ་བཟང་པོར་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ཐུབ་པ་དང་ནགས་ཚལ་དང་རི་བོ་སྔོ་འགྱུར་གྱི་ལས་དོན་ཏན་ཏིག་སྤེལ་ཐུབ་པར་བྱས་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་དངོས་འབྲེལ་ལེགས་སུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། ནགས་ཚལ་དང་ཆུ་བཅོས་སྐྱོང་གོང་འོག་མཉམ་འགུལ་དང་། མཐུན་སྦྱོར་སྐུལ་འདེད། ཐུན་མོང་ཐོག་དོན་འཁྱོལ་བཅས་བྱེད་དགོས། ལམ་ལུགས་གསར་གཏོད་གཏིང་ཟབ་བྱས་ཏེ“ནགས་དཔོན་དང་། ཆུ་དཔོན། མཚོ་དཔོན”བཅས་ཟུང་དུ་འབྲེལ་བའི་ལམ་སྲོལ་འཛུགས་པ་དང་གལ་ཆེའི་དོན་གནད་དང་གཙོ་གནད་ལས་དོན་གྱི་རྗེས་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཆུ་བཅོས་སྐྱོང་མཁན་ཡོད་པ་དང་ནགས་ཚལ་སྲུང་མཁན་ཡོད་པར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚན་རིག་ཅན་དང་འགུལ་རྣམ་ཅན་གྱི་དཔྱད་ཞིབ་མ་ལག་བཙུགས་ཏེ། དཔྱད་ཞིབ་ནན་པོ་དང་འབྲས་བུ་བཀོལ་སྤྱོད་བྱས་ནས་ལས་བྱེད་པས་གང་འཇོན་དེ་སྒྲུབ་ཀྱིས་ལས་ཀ་ཡག་པོ་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་ལས་ཀའི་ཕན་འབྲས་ལ་བརྟེན་ནས་ལས་ཀའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་ཏན་ཏིག་བྱེད་དགོས། དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱས་ནས། སྤྱི་ཚོགས་ཀྱི་མ་རྩ་དང་། ལག་རྩལ། ཤེས་ལྡན་པ་སོགས་རྒྱུ་རྐྱེན་གཙོ་བོ་སྐྱེ་ཁམས་ཁྱབ་ཁོངས་སུ་འཁོར་རྒྱུག་ཐུབ་པར་བྱས་ཏེ་ཁྲོམ་རའི་བྱེད་པོ་སྣ་ཚོགས་བོད་ཀྱི་སྔོ་འགྱུར་ནགས་བཟོའི་ལས་དོན་ནང་ཧུར་ཐག་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་གྱིས་ཆུ་གཅེས་ནགས་གཅེས་དང་། ཆུ་སྲུང་ནགས་སྲུང་། ཤིང་འཛུགས་ནགས་བཟོ་བཅས་མི་རིགས་ཁག་གི་མང་ཚོགས་ཀྱི་རང་འགུལ་གྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།
ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའུ། རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན་གཞུང་དོན་ཁང་གི་ཁོངས་མིའི་ཚན་པ་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད་པ་རེད།