དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གཞུང་དོན་ཁང་གི་ཆེད་དོན་བཅའ་ཁྲིམས་གླེང་བའི་ཚོགས་འདུ་འཚོགས་པ།

    ལིའུ་ཅང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-04

    ཟླ་4ཚེས་2ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གཞུང་དོན་ཁང་གི་2023ལོའི་ལོ་འཁོར་གྱི་ཆེད་དོན་བཅའ་ཁྲིམས་གླེང་བའི་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་བཞིན་སྲིད་འཛིན་མཐའ་འཁྱོངས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ལྷ་ས་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་བཅའ་ཁྲིམས་གླེང་བའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཉན་པ། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་། ནོར་སྲིད་ཐིང་། ཞིང་ལས་དང་གྲོང་གསེབ་ཐིང་། འཕྲལ་སྡོམ་དོ་དམ་ཐིང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ས་གནས་ས་ཐོག་ཏུ་བཅའ་ཁྲིམས་གླེང་བ་དང་འབྲེལ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་པ་རེད། ད་ཐེངས་ཀྱི་བཅའ་ཁྲིམས་གླེང་རིང་གྲུབ་འབྲས་དང་། ཉམས་མྱོང་། འགན་འཁྲི། གནོན་ཤུགས་བཅས་གླེང་ནས་སྔོན་དཔག་གི་དམིགས་ཡུལ་འགྲུབ་པ་རེད།

    བཅའ་ཁྲིམས་གླེང་བའི་ཚོགས་འདུ་མཇུག་འགྲིལ་རྗེས་ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་ལྗོངས་ཏང་ཨུད་ཀྱིས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱ་རྒྱུར་བཀོད་སྒྲིག་བྱས་པར་ལྗོངས་ཡོངས་ཀྱི་ཁྲིམས་འཛུགས་ལས་དོན་དང་། ཁྲིམས་བཞིན་སྲིད་འཛིན། “ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བཅས་ལ་འཕེལ་རིམ་གསར་པ་བྱུང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་རྨང་གཞི་དེ་བས་སྲ་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།

    ལིའུ་ཅང་གིས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་དང་འདེགས་སྐྱོར་གྱི་འགན་ལེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་འཛུགས་སྐྱོང་གི་སྒྲིག་འཛུགས་མཁན་དང་། སྐུལ་འདེད་མཁན། ལག་ལེན་བསྟར་མཁན་བཅས་ཡག་པོ་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཁྲིམས་བཞིན་སྲིད་འཛིན་གཏིང་ཟབ་ཏུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྲིད་འཛིན་ཁྲིམས་འཛིན་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། སྲིད་འཛིན་ཁྲིམས་འཛུགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཁྲིམས་བཞིན་དང་ཚན་རིག་དང་མཐུན་ལ་དམངས་གཙོའི་ཐབས་ཇུས་ལ་སྐུལ་འདེད་གཏོང་བ། སྲིད་འཛིན་ཁྲིམས་འཛིན་གྱི“ལམ་ལུགས་ཁག་གསུམ”ལག་བསྟར་ནན་པོ་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁྲིམས་ལྟར་བོད་སྐྱོང་གི་ཁྲིམས་སྐྱོང་རྨང་གཞི་བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་གཏིང་ཟབ་བྱེད་པ། “ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་བཞིན་སྒྲུབ་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། བཅའ་ཁྲིམས་གླེང་བའི་རྒྱུན་རྣམ་དང་ཕུགས་ཕན་ལ་སྐུལ་འདེད་གཏོང་བ། 2023ལོའི་ཁྲིམས་ལྟར་བོད་སྐྱོང་གི་དཔྱད་ཞིབ་དང་ཁྲིམས་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ནན་ཏན་བྱེད་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་ལས་འགན་ཁག་དོན་འཁྱོལ་འགན་ལེན་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།