དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད།

    (2024ལོའི་ཟླ་3ཚེས་28ཉིན)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-30

    ཝང་ཅུན་ཀྲེང་།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

    དེ་རིང་ང་ཚོས་འདི་གར་བཞུགས་མོལ་ཚོགས་འདུ་འཚོགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུས་ཡོད། འདི་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། དང་ཐོག་ངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲུབ་འབྲས་སྲུང་སྐྱོབ་དང་། བོད་ཀྱི་བརྟན་ལྷིང་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་མཁན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། ལས་རིགས་ཁག་གི་མི་སྣ། དེ་བཞིན་མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་དཔུང་སྡེའི་དཔོན་དམག་དང་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དུས་ཡུན་རིང་པོའི་ནང་བོད་ལ་སེམས་ཁུར་དང་། བོད་ལ་དགའ་ཞེན། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་རྒྱབ་སྐྱོར་བཅས་གནང་མཁན་བློ་མཐུན་དང་གྲོགས་པོ་ཚོར་བླ་ན་མེད་པའི་གུས་འདུད་ཞུ་གི་ཡིན།

    ལོ་65ཡི་གོང་གི་དམངས་གཙོའི་བཅོས་སྒྱུར་ནི། བོད་ཀྱི་ལོ་རྒྱུས་ཐོག་རླབས་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་རེད། བོད་ཀྱིས་དུས་དེ་ནས་བཟུང་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས་མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད། 1959ལོའི་ཟླ་3ཚེས་28ཉིན་ནས་བཟུང་། བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གལ་ཆེན་ཞིག་ཕྱེ་ནས་མུན་ནག་དང་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལོ་རྒྱུས་ཀྱི་གད་གཞོང་ནང་གཙང་མར་ཕྱགས་ཡོད། 2009ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་50འཁོར་བའི་སྐབས་སུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་འདེམས་ཤོག་འཕངས་ནས“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”བཙུགས་ཏེ། བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་ལ་ནམ་ཡང་དྲན་གསོ་ཞུ་བ་དང་། རྒྱ་ཆེའི་ཞིང་བྲན་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཉིད་ལས་དབང་གི་བདག་པོར་གྱུར་པའི་ཉིན་མོ་ནམ་ཡང་བློ་ལ་བརྟན་པོར་ངེས་པའི་གཏན་འབེབས་བྱས་ཡོད།

    དྲན་གསོ་བྱེད་པ་ནི་དེ་བས་ལེགས་པའི་སྒོ་ནས་མདུན་དུ་སྐྱོད་ཆེད་ཡིན། དེ་རིང་ང་ཚོས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུ་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65བརྒྱུད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱེད་པ་དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བོད་གསར་རྙིང་གི་དབྱེ་མཚམས་མཚོན་པའི་རླབས་ཆེན་གྱི་ལོ་རྒྱུས་དོན་ཆེན་དེ་བས་བློ་ལ་བརྟན་པོར་ངེས་པ་དང་། བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གདུག་རྩུབ་དང་མུན་ནག་གསལ་རྟོགས་དེ་བས་གང་ལེགས་ཐུབ་པ། བོད་རྙིང་པའི་སྡུག་བསྔལ་མི་བརྗེད་པ་དང་བོད་གསར་པའི་བདེ་སྐྱིད་ལ་གཅེས་སྤྲས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བླ་ན་མེད་པའི་ཁྱད་འཕགས་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་བླ་ན་མེད་པའི་དྲོ་སྐྱིད་གཏིང་ཟབ་ཚོར་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ། གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པར་འབད་འཐབ་ལྷོད་མེད་བྱ་རྒྱུ་དེ་ཡིན།

    གོང་དུ་བསྟན་འཛིན་སོགས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ལྔ་ཡིས་རང་ཉིད་ཀྱི་མྱོང་བ་དངོས་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་མང་པོའི་ཐད་ནས་བོད་རྙིང་པའི་མུན་ནག་གདུག་རྩུབ་དང་རུལ་སུངས་རྗེས་ལུས་ཐེར་འདོན་བྱས་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་བརྩེ་སེམས་ཟབ་མོས་བསྔགས་བརྗོད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་སྤྲོ་སེམས་འཁོལ་པོས་བསྟོད་གླུ་ཕུལ་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་གདེང་ཚོད་དང་ཆོད་སེམས་མཚོན་པར་བྱས་ཡོད། འཐུས་མི་5ཡི་གཏམ་བཤད་ལྷག་བསམ་ཟོལ་མེད་དང་བབ་ཆགས་ལ་མི་སེམས་འགུལ་བ་ཞིག་ཡོད་པ་མ་ཟད། ཧ་ཅང་ཡག་པོ་གསུངས་པ་དེ་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་ཡོད།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

    བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ནང་དོན་གལ་ཆེན་ཞིག་དང་། སྔོན་ཐོན་གྱི་སྤྱི་ཚོགས་རྣམ་པས་རུལ་སུངས་རྗེས་ལུས་ཀྱི་སྤྱི་ཚོགས་རྣམ་པའི་ཚབ་བྱེད་པའི་ལྡོག་མེད་ཀྱི་འབྲས་བུ་ཞིག་ཡིན། དམངས་གཙོའི་བཅོས་སྒྱུར་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ལམ་ཚད་རྡོ་རིང་རླབས་པོ་ཆེ་གཞན་ཞིག་ཡིན་པས། བོད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། ཀྲུང་གོའི་དེང་རབས་ཀྱི་ལོ་རྒྱུས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་དུས་རབས་འབྱེད་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད།

    དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱིས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པའི་གདམ་ག་གལ་ཆེན་ཞིག་རེད། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་གདུག་རྩུབ་ཆེ་ཤོས་ཀྱི་བྲན་བཀོལ་བྱེད་སྟངས་ཤིག་རེད། ཞིང་བྲན་བདག་པོས་ཞིང་བྲན་གྱི་མི་ལུས་ལ་དབང་སྒྱུར་དང་། ཆབ་སྲིད་ནས་གཉའ་གནོན། དཔལ་འབྱོར་ནས་བཤུ་གཞོག བསམ་པའི་ཐོག་གི་མནར་གཅོད་བཅས་བྱེད་པ་ཚང་མ་སྡུག་མཐར་སོན་ཡོད། ལོ་ངོ་བརྒྱ་སྟོང་རིང་ཞིང་བྲན་ཁྲི་ཚོ་བརྒྱ་གདུག་རྩུབ་ཆེ་ཤོས་དང་ཧ་ཅང་དབུལ་ཕོངས་ཀྱི་མི་ཡུལ་གྱི་དམྱལ་བར་སྡུག་པོ་ཚད་མེད་མྱངས་ནས་ཞིང་བྲན་གྱི་མི་སྟོང་ལ་དྲེས་ཐག་གཅིག་ལས་མ་རི་བ་དང་འཁྱེར་རྒྱུ་རང་ཉིད་ཀྱི་གྲིབ་ནག་ལས་མེད། དམངས་གཙོའི་བཅོས་སྒྱུར་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་དུ་བཏང་ནས་སྔོན་མ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་བདག་པོར་བརྟེན་པ་དང་བཀྲེས་ལྟོགས་ཀྱིས་མནར་བ་དང་འཆི་གསོན་ལ་ཐུག་པའི་ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་ལུས་ཐོག་གི་ལྕགས་སྒྲོག་གཏོར་ནས་རྒྱལ་ཁབ་ཀྱི་བདག་པོ་དང་བོད་ལྗོངས་གསར་པ་སྐྲུན་མཁན་ཞིག་ཏུ་གྱུར་ཡོད།

    དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་བ་ཞིག་ཡིན། བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གྱི་རང་ལུས་དབང་ཆ་ཚང་མ་འཕྲོག་པ་མ་ཟད། ཞིང་བྲན་གྱི་སྐྱེ་འཆིའི་དབང་ཆའང་འཕྲོག་ཡོད། རྒྱ་ཆེའི་ཞིང་བྲན་རྣམས་སྤྱི་ཚོགས་ཀྱི་མཐའ་གྲས་སུ་གནས་པར་བརྟེན། ཆབ་སྲིད་ཀྱི་དབང་ཆ་གང་ཡང་མེད་པ་མ་ཟད། ཆེས་རྩ་བའི་འཆི་གསོན་གྱི་དབང་ཆ་དེ་བས་མེད། དམངས་གཙོའི་བཅོས་སྒྱུར་གྱིས་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་མཐའ་དག་མེད་པར་བཟོས་ཏེ། རིམ་ཁག་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་པས་ཞིང་བྲན་ཁྲི་ཚོ་བརྒྱའི་ཚེ་སྲོག་བདེ་འཇགས་དང་མི་ལུས་རང་དབང་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་ལེན་དང་སྲུང་སྐྱོབ་ཐོབ་པ་དང་། མི་ཞིག་བྱེད་པའི་དབང་ཆ་དང་ལ་རྒྱ་དང་སྤྱི་དམངས་ཤིག་བྱེད་པའི་དབང་ཆ་ཐོབ་པ་དེ་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ཡར་རྒྱས་རླབས་པོ་ཆེ་ཞིག་ཡིན་ལ། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཀྱང་རེད།

    དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད། བོད་རྙིང་པར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་སྤྱི་ཚོགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཉམས་པ་དང་། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ཚོད་འཛིན་ཤུགས་ཆེན་ཕོག་པ། ཐོན་སྐྱེད་ཀྱི་ཆུ་ཚད་ཧ་ཅང་དམའ་བ། སྤྱི་ཚོགས་ཧ་ཅང་དབུལ་ཕོངས་རྗེས་ལུས་དང་སྒོ་རྒྱག་ཉམས་རྒུད་དང་ཐོར་ཞིག་བཅས་ཀྱི་གནས་སུ་གྱར་ཡོད། དམངས་གཙོའི་བཅོས་སྒྱུར་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་ས་ཞིང་དབང་བའི་ལམ་ལུགས་རྩ་མེད་དུ་བཏང་བས་ཞིང་བྲན་ཁྲི་ཚོ་བརྒྱར་རང་ཉིད་ལ་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ཐེངས་དང་པོར་དབང་བ་མ་ཟད། ངལ་རྩོལ་པས་རང་ཉིད་ལ་དབང་བའི་རྨོ་ཞིང་དང་འབྲོག་རར་ངལ་རྩོལ་བྱས་ནས་ཐོན་འབབ་གསོག་ཐུབ་པ་བྱུང་བ་མ་ཟད། ཐོན་སྐྱེད་རྒྱུ་ཆ་དང་འཚོ་བའི་རྒྱུ་ཆ་རང་མོས་ཀྱིས་བཀོལ་སྤྱོད་བྱེད་པའི་དབང་ཆ་ཐོབ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

    ལོ་65ཡི་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འོག་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་བརྒྱུད་དེ་བོད་ཀྱི་སྤྱི་ཚོགས་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་བྱུང་བ་མ་ཟད། བོད་ཀྱི་འཕེལ་རྒྱས་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པའི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད། ལོ་65ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་སྤོབས་སེམས་རྒྱས་པ་དང་། བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་པ། དར་རྒྱས་ཡར་ཐོན་གྱི་ལེའུ་གསར་པ་རྩོམ་པ་བཅས་ཀྱི་ལོ་65དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས། མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་བཅས་ཀྱི་ལོ་65ཡིན། དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མི་ཡུལ་གྱི་ངོ་མཚར་བཏོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་མཚོ་བོད་ས་མཐོར་འགྱིང་ངེར་གནས་ཡོད།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་གངས་ལྗོངས་ས་མཐོ་དང་བོད་ཀྱི་མི་དམངས་ལ་བརྩེ་སེམས་བཅངས་ཏེ། བོད་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་གཙོ་སྐྱོང་གནང་བ། བོད་ཀྱི་ལས་དོན་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་མ་ཟད། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་བཏོན་པ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཏོན་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་སྟེ་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་སྣོན་པ་བཅས་གནང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་ཞིབ་ཕྲ་ཅན་དང་གཞི་རྟེན་ཅན་དུ་གྱུར་བ་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས“འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་དུ་གྱུར་བར་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་བཏང་བར་བརྟེན་བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་ཡོད།

    ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་དོན་གྱི་ལས་འགན་ཨང་དང་པོར་བརྩི་བ་མཐའ་འཁྱོངས། ཉེན་བརྡ་རྒྱུན་གཏོང་དང་རྟག་ཏུ་དོགས་ཟོན། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་དུ་བསྒྲུབས་པ་དང་གཞི་རིམ་དུ་བསྒྲུབས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་གཏིང་ཟབ་སྤེལ་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་དང་ལྐོག་གཡོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པར་བརྟེན“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”གནས་ལུགས་མི་སེམས་ལ་གཏིང་ཟབ་ཟུག་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བསམ་བློ་དང་བྱ་སྤྱོད་བརྟན་དུ་ཕྱིན་ཡོད། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཏེ“གོང་འོག་སྦྲེལ་མཐུད་དང་མཐའ་གཅིག་ཏུ་དམ་འཛིན་བྱེད་པའི”གཞི་རིམ་བཅོས་སྐྱོང་གི་སྒྲོམ་གཞི་གྲུབ་པ་དང་། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་ཞིབ་བཤེར་ས་ཚིགས་སུ་དེང་རབས་ཅན་གྱི་འཕྲུལ་ཆས་ལ་བརྟེན་ནས་མགྱོགས་མྱུར་ཞིབ་བཤེར་དང་མགྱོགས་མྱུར་སྐྱོད་ཐུབ་པ་བྱས་པར་བརྟེན་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ཀྱི་སྟོན་གྲངས་ལོ་མང་རིང་99%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ཡོད། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་བརྟེན་2023ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་9.5%འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་6ལས་བརྒལ་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9.4%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་ཕྱིན་པ་མ་ཟད། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། རྨང་གཞིའི་སྒྲིག་བཀོད་སྐྲུན་ཤུགས་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ་དང་མ་ལག་འཐུས་སྒོ་ཚང་དུ་ཕྱིན་ཏེ་ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་རགས་ཙམ་ཆགས་པ་དང་། ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་མགྱོགས་མྱུར་བསྐྲུན་པ་དང་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པར་མགྱོགས་མྱུར་སྐུལ་འདེད་བཏང་བ་མ་ཟད། གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པར་བརྟེན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་གཏིང་ཟབ་བསྟར་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་མང་བསྟུད་མར་95%ཡན་རྒྱུན་འཁྱོངས་ཐུབ་པ། བོད་ལྗོངས་འཛིན་གྲྭའི་སློབ་བསྡུའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཞིང་འབྲོག་མང་ཚོགས་ལ་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱེད་པ། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་ནད། བྱིས་པའི་ལྷན་སྐྱེས་སྙིང་ནད། སྐྱ་གྲིབ་སོགས་ནད་གཞི་ཕོག་མཁན་ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ལ་དྲོད་རླངས་མཁོ་སྤྲོད་ཐུབ་པ། རང་སྐྱོང་ལྗོངས་ནས་གྲོང་ཚོའི(གྲོང་ལྷན)བར་རིམ་ལྔའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་སྤྱིར་བསྐྲུན་ཟིན་ནས་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་མཐུན་བྱུང་ཡོད། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུར་བརྩིས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སེམས་སུ་གཏིང་ཟབ་ཟུག་པར་བྱེད་པའི་འདུ་འགོད་སོགས“འདུ་འགོད་ཆེན་པོ་བཞི”དང་ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་བྱ་སྤྱོད་སོགས“བྱ་སྤྱོད་དྲུག”ཏན་ཏིག་སྤེལ་བར་བརྟེན་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དེ་བས་ཟབ་ཏུ་ཕྱིན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ། ཆོས་དད་རང་མོས་ལ་འགན་ལེན་གང་ལེགས་བྱེད་པ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་པར་བརྟེན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཉིན་བཞིན་འཚམ་མཐུན་བྱུང་ཡོད།

    སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་སུ་ཕྱིན་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་ལེན་གཏིང་ཟབ་བསྟར་ཏེ། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོར་སྤྱི་འདོམས་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་ལ་ཕན་འབྲས་བཟང་པོ་ཐོན་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཡན་ཟིན་ནས་བོད་འདི་ཉིད་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན།

    མཐའ་མཚམས་སྲ་བརྟན་དང་བདེ་འཇགས་བྱུང་ཡོད། མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ། སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་ཚོ་དང་མཐའ་མཚམས་གྲོང་ཚོའི་མཐའ་མཚམས་མི་སེར་གྱི་ཁ་གསབ་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་མཐའ་མཚམས་སུ་རྩ་བ་བརྟན་པོར་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་བཞིན་ཡོད།

    ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྤྱོད་ཀྱི་སྟོན་ཕྱོགས་བརྟན་པོར་བཙུགས་ནས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་མུ་མཐུད་བྱས་ཏེ་ལས་བྱེད་པའི་སྤྱོད་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ནས་བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ཤེས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན་སྔར་བས་ཆེ་རུ་ཕྱིན་ནས་ལྗོངས་ཡོངས་སུ་བློ་སེམས་གཅིག་སྒྲིལ་དང་། བསམ་འདུན་ལམ་ལྷོངས། ནུས་ཤུགས་ལྡན་པ། བྱ་བ་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    ད་ཆའི་བོད་དུ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ནི་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་ཡང་རྩེའི་ཐོག་བཏོད་པའི་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་ངོ་མཚར་ཞིག་རེད། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བཅས་ལ་ཐུག་ཡོད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་དང་ཡང་ཁ་བྲལ་ཐབས་མེད། འདི་གར་ངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཁྱེད་ཚོ་དང་ཁྱེད་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཕུལ་བའི་དཀའ་སྤྱད་ངལ་རྩོལ་དང་དགེ་མཚན་ལྡན་པའི་ལེགས་སྐྱེས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ཞིག་ཡིན་ལ། དུས་རབས་གསར་པའི་ཆབ་སྲིད་ཆེ་ཤོས་ཤིག་ཀྱང་ཡིན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཡང་མེད། ཏང་གི་འགོ་ཁྲིད་ནི་བོད་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་ཞིག་ཡིན། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། བོད་ཀྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་རྒྱུ་ནི“དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་བཅས་ཡིན་པས། སྙིང་རུས་གཏན་འཁྱོངས་དང་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ནས། རྒྱུན་སྲིང་ལྷོད་མེད་ངང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་དགོས། བོད་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ལྕི་ཤོས་ནི་སྐྱེ་ཁམས་ཡིན་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་བཅས་བློ་ལ་བརྟན་པོར་ངེས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། རྒྱུན་སྲིང་ལྷོད་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་དགོས། མ་དངུལ་མཐའ་མཚམས་སུ་གཏོང་བ་དང་། མི་མཐའ་མཚམས་སུ་མངགས་པ། སྲིད་ཇུས་མཐའ་མཚམས་སུ་ཕྱོགས་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱུན་སྲིང་ལྷོད་མེད་ངང་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་དགོས།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཞིག་དང་བོད་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་མཁན་གྱི་རྩ་བའི་སྟོབས་ཤུགས་ཤིག་རེད། མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ཀྱི་ཁྲོད་རྩ་བ་ཚུགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ནི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་མཁན་ཞིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་། མི་སེར་གྱི་ཕྱོགས་སུ་བརྟན་པོར་ལངས་པ། བརྩེ་སེམས་བཅངས་ནས་མང་ཚོགས་ཀྱི་ལས་ཞུགས་དང་། སློབ་ཞུགས། སྨན་བཅོས་སོགས་ཀྱི་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱེད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་སྔར་བས་ཚོར་ཐུབ་པ་དང་། ཉེ་འགྲམ་གྱི་ཡར་རྒྱས་ཚོར་ཐུབ་པ། ཚན་རྩལ་ལས་བོད་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་ཚོར་ཐུབ་པ་བཅས་བྱེད་དགོས།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཧུར་སེམས་སྐུལ་སློང་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་གསར་གཏོད་ནུས་པ་གང་ལེགས་འདོན་དགོས། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་འཐོབ་ཐུབ། ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད་ལ། དེ་བས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ནས། ཏང་གི་དར་ཆའི་འོག་དེ་བས་མཐུན་སྒྲིལ་དམ་ཟབ་དང་གོང་བུ་གཅིག་ཏུ་བསྒྲིལ་བ་དང་། བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ཏུ་རྒྱག་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྡུད་པ་བཅས་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་མཉམ་དུ་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་དགོས།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

    འདས་དོན་བརྗེད་པ་ནི་རྒྱབ་གཏོད་བྱེད་པ་ཞིག་ཡིན། ང་ཚོས་ངེས་པར་དུ་ལོ་རྒྱུས་བློ་ལ་བརྟན་པོར་བཅངས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ། ཀུན་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།