ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར(ལྗོངས་སྲིད་འཛིན་སློབ་གླིང)སློབ་གྲྭའི་སྒྱུར་བཅོས་དང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། འདི་ནི་ཚོགས་ར་ཡིན་པ།
ཏང་གི་སློབ་གྲྭའི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་ཏང་ཡོན་ལས་བྱེད་པའི་བྱང་ཚད་མཐོ་རུ་ཧུར་ཐག་བཏང་ནས་སྤྱི་ཚོཊ་རིང་ལུཊ་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཊ་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར(ལྗོངས་སྲིད་འཛིན་སློབ་གླིང)སློབ་གྲྭའི་སྒྱུར་བཅོས་དང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས། ཏང་གི་སློབ་གྲྭའི་ལས་དོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ལ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བ་དང་། ཏང་གི་སློབ་གྲྭའི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ལས་བྱེད་པའི་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་གསོ་གསོ་སྦྱོང་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། ཚན་ཞིབ་བློ་འདྲི། ཏང་འཛུགས་སྐྱོང་གི་ལས་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ཏང་གི་སློབ་གྲྭའི་འཛུགས་སྐྲུན་ཁག་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཏང་གི་སློབ་གྲྭའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་ཆ་རྐྱེན་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཏང་གི་སློབ་གྲྭའི་ལས་དོན་སྔ་ཕྱི་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཏང་གི་སློབ་གྲྭས་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཐབས་ལམ་གཙོ་བོ་དང་ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་གི་གཡུལ་ས་གཙོ་བོའི་ནུས་པ་གང་ལེགས་བཏོན་ཏེ། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཏང་གི་སློབ་གྲྭའི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་སྤྱི་ཡོངས་ནང་བཞག་ནས་ངེས་གནས་གནད་འཁེལ་འཚོལ་བ་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ། སློབ་ཁྲིད་ཀྱི་བྱེད་སྒོ་མཐའ་དག་དང་། ཚན་ཞིབ་ཀྱི་བྱེད་སྒོ་མཐའ་དག སློབ་གཉེར་གྱི་བྱེད་སྒོ་མཐའ་དག་བཅས་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་དང་ཏང་གི་ཆབ་སྲིད་ལམ་ཕྱོགས་ལ་བརྩི་སྲུང་ཞུ་བ་མཐའ་འཁྱོངས་བྱས་ནས་ཏང་གི་དར་ཆས་དར་ཆ་བྱེད་པ་དང་། ཏང་གི་འདོད་བློས་འདོད་བློ་བྱེད་པ། ཏང་གི་འགན་འཁྲིས་འགན་འཁྲི་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོར་སྲུང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། སློབ་གསོ་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་དགོས་མཁོ་དང་ཟུང་འབྲེལ་བྱེད་པ་དང་། “གང་དགོས་དེ་གསབ”མཐའ་འཁྱོངས་ཀྱིས་རིམ་པ་དབྱེ་བ་དང་ཁྱད་པར་ཅན་གྱི་སྒོ་ནས་གནད་སྨིན་གསོ་སྦྱོང་། “ཐ་དད་དུ་གྱུར་བ”དང་སློབ་ཁྲིད་ཁ་བྲལ་དུ་མི་འགྲོ་བ་སྔོན་འགོག་བཅས་བྱས་ནས་སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་ཀྱི་སློབ་གསོ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཆབ་སྲིད་ཀྱི་གོ་རྟོགས་དང་། ཆབ་སྲིད་ཀྱི་ནུས་པ། ཆབ་སྲིད་ཀྱི་འགན་འཁྲི་བཅས་ཆེ་རུ་གཏོང་རྒྱུ་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཏང་གཤིས་ཀྱི་བློ་སྦྱོང་དང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གནད་དོན་དངོས་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། རྒྱུན་གཏན་རང་བཞིན་གྱི་སྒྲིག་ཁྲིམས་ཀྱི་སློབ་གསོ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་ལས་བྱེད་པའི“སྤྱོད་བཟང་སྲིད་སྐྱོང”གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད་པའི་འདུ་ཤེས་བརྟན་པོར་བཙུགས་ནས་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་གོམས་གཤིས་དང་རང་རྟོགས་ཀྱི་བརྩི་སྲུང་ཞུ་སར་དངོས་འབྲེལ་གྱུར་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་ཀྱིས་ཏང་གི་སློབ་གྲྭའི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཚན་རིག་ཞིབ་འཇུག་དང་སྲིད་དོན་སྐྱོང་རོགས་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་འཆད་འགྲེལ་ལ་ཤུགས་སྣོན་རྒྱག་པ། ལག་ལེན་གྱི་གནད་དོན་གལ་ཆེན་ལ་བསམ་གཞིག་དང་ཞིབ་འཇུག་གཏིང་ཟབ་བྱེད་པ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ནས་བསམ་གཞིག་གཏིང་ཟབ་དང་། ཆོས་ཉིད་ཁོང་དུ་ཆུད་པ། གྲུབ་འབྲས་སྤྱོད་ཐུབ་པ་བཅས་ཀྱི་སྤུས་ཚད་མཐོ་བའི་བརྟག་ཞིབ་གྲུབ་འབྲས་ཁག་གཅིག་གྲུབ་པར་བྱས་ཏེ་ཇུས་འདོན་ལས་རོགས་ཀྱི་ནུས་པ་ཏན་ཏིག་འདོན་དགོས། སྤུས་ཚད་མཐོ་པོས་སློབ་གྲྭ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་སློབ་ཁྲིད་སྤུས་ཚད་ཀྱི་ལྟེ་བར་དམ་འཛིན་ཡག་པོ་དང་། ཁྱད་ལྡན་སློབ་གཉེར་གྱི་ལེགས་ཆར་དམ་འཛིན་ལྷོད་མེད། ཏང་གི་དགོས་མཁོ་དང་དུས་རབས་ཀྱི་དགོས་མཁོར་དམ་པོར་དམིགས་པ། མི་རིགས་ཆོས་ལུགས་དང་སྐྱེ་ཁམས་སྲུང་སྐྱོང་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཚན་ནུས་ཤུགས་ཡོད་རྒུས་གཏོད་པ། གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱེད་པ། སློབ་ཁྲིད་ཀྱི་བཀོད་པ་ལེགས་སུ་གཏོང་བ། ནང་ཁུལ་གྱི་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་སློབ་ཁྲིད་ཚན་ཞིབ་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། མཉམ་སྤྱོད་ལམ་སྲོལ་བཙུགས་ནས་ཁ་གཏད་རོགས་སྐྱོར་གྱི་ལེགས་ཆ་འདོན་པ་དང་ཕྱི་ཕྱོགས་ནས་རིགས་གཅིག་མཁས་ཅན་གདན་འདྲེན་པ་དང་ལྗོངས་ཐད་གཏོགས་ཚན་པའི་འགོ་ཁྲིད་ལས་བྱེད་པས་ཆེད་དོན་སློབ་ཁྲིད་བྱས་ནས་མི་སྣ་མཉམ་འགུལ་དང་། བྱེད་སྒོ་མཉམ་སྤེལ། གྲུབ་འབྲས་མཉམ་སྤྱོད་བཅས་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དགེ་རྒན་ནི་ཏང་གི་སློབ་གྲྭའི་རྩ་ཆེའི་རྒྱུ་ནོར་དང་སློབ་གྲྭ་དར་རྒྱས་དང་སྟོབས་ཆེར་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད། དགེ་རྒན་གྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་སློབ་གྲྭའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བའི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དགེ་རྒན་གྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། དགེ་རྒན་གྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། དགེ་རྒན་ལ་དམིགས་ཏེ་ཐབས་ཇུས་འདོན་པ། དགེ་རྒན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དགེ་རྒན་ལ་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ། ཏང་གི་སློབ་གྲྭའི་ལས་དོན་ཡག་པོ་སྒྲུབ་པའི་ནང་གནས་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་། ཆབ་སྲིད་དང་ལས་སྒོའི་ཚད་གཞི་ནན་པོ་མཐའ་འཁྱོངས། དགེ་རྒན་འཕེལ་རྒྱས་གཏོང་བའི་ལས་སྟེགས་ལེགས་སུ་གཏོང་བ། དགེ་རྒན་ལ་ཞབས་འདེགས་ཞུ་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་སློབ་གྲྭས་མཐོ་རིམ་ཤེས་ལྡན་པ་གདམ་གསེས་དང་གདན་ཞུ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། མཐོ་རིམ་སློབ་ཁྲིད་ཚན་ཞིབ་ཤེས་ལྡན་པའི་ཞན་ཆ་གང་མགྱོགས་སེལ་བ། ཏང་གི་སློབ་གྲྭའི་དགེ་རྒན་ལ་སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག སྲིད་དོན་སྐྱོང་རོགས་བཅས་ཀྱི་ལས་སྟེགས་ཧུར་ཐག་སྐྲུན་པ་བཅས་བྱས་ནས་དགེ་རྒན་དཔུང་ཁག་གི་སྤྱི་ཡོངས་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། “རྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ། དགེ་རྒན་གྱི་དཔུང་ཁག་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གསོ་སྐྱོང་དང་། སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ལག་ལེན་སྦྱོང་བརྡར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞོན་དར་དགེ་རྒན་གྱིས་སྔོན་ཐོན་གྱི་སློབ་ཁྲིད་བྱེད་སྟངས་སློབ་སྦྱོང་དང་སློབ་ཁྲིད་ཉམས་མྱོང་གསོག་པར་སྐུལ་འདེད་བཏང་སྟེ་གཞོན་དར་དགེ་རྒན་རྣམས་གང་མགྱོགས་འཚར་ལོངས་དང་འཇོན་ཐང་ཅན་དུ་གྱུར་བར་རོགས་རམ་བྱེད་དགོས། དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སློབ་ཁྲིད་ཚན་ཞིབ་ཚད་འབེབས་དོ་དམ་དང་གོ་མིང་དཔྱད་བསྡུར་གདན་ཞུ་རིམ་སྤོར་གྱི་དོ་དམ་ལམ་ལུགས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་ལྡན་པར་གཟིགས་སྐྱོང་བྱེད་པའི་ཞབས་ཞུའི་སྲིད་ཇུས་དང་བྱ་ཐབས་ཧུར་ཐག་བཏོན་ཏེ་ཤེས་ལྡན་མི་སྣ་བོད་དུ་གཞི་ཚུགས་པ་དང་། ནུས་པ་འདོན་པ། འཇོན་ཐང་འདོན་པ་བཅས་ལ་ཆ་རྐྱེན་བཟང་པོ་གཏོད་དགོས།