དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་གསུང་བཤད།

    (2024ལོའི་ཟླ་3པ)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-28

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཡན་ཅིན་ཧའེ།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

    བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་16པ་འཆར་ལ་ཉེ་བའི་མཚམས་སུ། ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ང་ཚོར་བསམ་བློ་མང་པོ་འཁོར་བ་དང་མྱོང་ཚོར་ཟབ་མོ་ཡོང་གི་ཡོད། ལོ་65ཡི་གོང་དུ། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་སྟོང་གི་འཆིང་རྒྱ་ལས་བསྒྲལ་ཏེ་ཤར་ཕྱོགས་སུ་གནས་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མཐའ་མའི“མཁར་རྫོང”རྦད་དེ་ཐལ་བའི་རྡུལ་དུ་བརླགས་པ་ང་ཚོས་བརྗེད་མི་སྲིད། ལོ་65ཡི་གོང་དུ། མི་ཚོང་གན་རྒྱ་མེ་ལྕེ་དྲག་པོའི་ནང་བསྲེགས་ནས“རང་ཉིད་ཀྱི་གྲིབ་གཟུགས་ལས་གཞན་གང་ཡང་མེད་པའི”ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བདག་པོར་གྱུར་པ་ང་ཚོས་བརྗེད་མི་སྲིད། ལོ་65ཡི་གོང་དུ། ཉི་འོད་ཀྱིས་སྤྲིན་ནག་གཏོར་བ་དང་དཔྱིད་ཀྱི་རླུང་བུས་ས་གཞིའི་དར་ཁ་ཞིག དུས་དེ་ནས་སྐུ་དྲག་གི་ཉི་མ་བཞུད་པ་དང་ཞིང་བྲན་གྱི་ཉི་མ་ཤར། འཛམ་གླིང་ཡང་རྩེར་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཕྱེ་བ་ང་ཚོས་བརྗེད་མི་སྲིད།

    “གུང་ཁྲན་ཏང་སླེབས་ནས་སྡུག་བསྔལ་བདེ་ལ་བསྒྱུར” ལོ་65ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་གནམ་སར་འཐབ་ཕོད་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལྷག་པར་དུ་དུས་རབས་གསར་པར་སླེབས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་གནང་བ། གལ་ཆེའི་དུས་སྐབས་དང་འགག་རྩའི་དུས་མཚམས་སུ་སླེབས་རིམ་བཞིན་བོད་ལ་ཁ་ཕྱོགས་གཏན་འཁེལ་དང་ལམ་སྟོན་གནང་ནས། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་རེད། ད་ཆའི་བོད་དུ་ཀྲུང་དབྱང་སྲིད་གཞུང་གིས་ཐུགས་ཁུར་ཟབ་བཞེས་གནང་བ་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། ས་ཁུལ་དང་གྲོང་ཁྱེར་བདུན་ཚང་མས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་བདེ་བླག་ངང་བཏོད་པ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ནས་བརྟན་ལྷིང་བྱུང་བ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ཀྱི་སྟོན་གྲངས་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་པ། མི་རིགས་ཁག་གི་མི་དམངས་དབར་བརྩེ་སེམས་ཟབ་པ“ཇ་དང་ཚྭ”ལྟར་ནམ་ཡང་ཁ་འབྲལ་ཐབས་མེད། ད་ཆའི་བོད་དུ“བསྐྱར་དར་རྟགས་ཅན”ས་མཐོར་ཤར་གཏོང་ཐུབ་ནས་ལྷ་སར་སླེབས་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་ལམ་ཐིག་172ཤར་གཏོང་ཐུབ་པ། ཤར་གཏོང་ཐུབ་པའི་གྲོང་ཁྱེར་74ཟིན་པ། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་12ལས་བརྒལ་བ། སྔ་རྗེས་སུ་མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས“གློག་ཤུགས་མཁའ་ལམ”4བསྐྲུན་ནས་རྫོང་དང་ཆུས་74ལ་ཁྱབ་པའི་གཅིག་གྱུར་གྱི་གློག་དྲ་ཆེན་པོ་ཞིག་ཆགས་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་100%ཟིན་ནས་ཆུ་ཟོམ་ནས་ཆུ་ཀ་ལའི་བར་དང་། སྣུམ་བཞུ་ནས་གློག་སྒྲོན་བར། ས་རྡོའི་ལམ་ནས་སྣུམ་ནག་ལམ་བར། ཕྱིང་གུར་ནས་རྫ་གཡམ་ཅན་གྱི་ཁང་པའི་བར་བཅས་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད། ད་ཆའི་བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཁྱབ་པའི་ཅུང་ཆ་ཚང་བའི་དེང་རབས་ཅན་གྱི་སློབ་གསོའི་མ་ལག་ཅིག་ཆགས་ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་བསྡོམས་འབོར་ཁྲི་96ཟིན་པ་དེས་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་26.3%ཟིན་པ། གསར་འཕར་ངལ་རྩོལ་པའི་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་13.1བར་མཐོ་རུ་ཕྱིན་པ། “ནད་ཆེན”རིགས་400ལྷག་ཙམ་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2400ལྷག་ཙམ་གྲོང་ཁྱེར་དང་ས་ཁུལ་ནས་བཅོས་ཐུབ་པ། རྒྱུན་མཐོང“ནད་ཆུང”རྫོང་རིམ་པའི་སྨན་ཁང་ནས་དུས་ཐོག་ཏུ་བཅོས་ཐུབ་པ། སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚད་98%ཡན་རྒྱུན་འཁྱོངས་བརྟན་པོ་ཐུབ་པ། སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འགན་སྲུང་། བསམ་ཡུལ་ལས་འདས་པའི་རྨས་སྐྱོན་འགན་བཅོལ། བདེ་ཐང་བརྟག་དཔྱད་བཅས་ཡོངས་ཁྱབ་བྱུང་བ། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་9བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ད་ཆའི་བོད་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་བའི་མྱུར་ཚད་མགྱོགས་སུ་ཕྱིན་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་36%ཟིན་པ་དང་། སྐྱེ་ཁམས་དམར་ཐིག་རྒྱ་ཁྱོན་གྱིས་50%ཡན་ཟིན་པ། སྔོ་འགྱུར་བྱེད་པ་དང་མང་ཚོགས་ལ་འབབ་འཕར་ཡོང་བར་དུས་གཅིག་ཏུ་སྐུལ་འདེད་བཏང་བ། ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐོང་ཐུབ་པ་དང་སྲུང་ཐུབ་པའི“བདེ་སྐྱིད་ཀྱི་གཏན་འཇགས་རྒྱུ་ནོར”དུ་གྱུར་ཡོད། ད་ཆ་བོད་ཀྱི་མཐའ་མཚམས་ས་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་དང་། ཤང་དང་གྲོང་རྡལ་གཙོ་བོ་ཚང་མར་གློག་དྲ་ཆེན་མོ་ཁྲིད་པ། སྒྲིག་ཁོངས་གྲོང་ཚོར་དྲ་ཆེན་དང་4Gབརྡ་རྟགས་ཁྱབ་ཚད་100%ཟིན་པ། མི་རིགས་ཁག་གི་མང་ཚོགས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་རྩ་བ་ཚུགས་པ་བཅས་བྱུང་ཡོད། ཞི་མཐུན་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དར་རྒྱས་གོང་འཕེལ། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་བཟང་བ། མཐའ་མཚམས་སྲ་བརྟན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་ཞིག་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་གནས་ནས་སྔར་བས་བཀྲག་མདངས་འཚེར་བཞིན་ཡོད།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

    ཡུར་བུའི་ཆུ་བོ་དྭངས་ཤིང་གཙང་བ་ནི། ཆུ་འགོའི་ཆུ་རྒྱུན་འཛད་མེད་བཞུར་བས་ཡིན། བོད་དུ་བྱུང་བའི་འཕོ་འགྱུར་ཆེན་པོ་དང་བོད་ཀྱི་ཉིན་རེ་བཞིན་གྱི་འཕེལ་རྒྱས་ལས་གཞོམ་གཞིག་བྲལ་བའི་བདེན་དོན་ཞིག་མངོན་ཡོད་དེ། གུང་ཁྲན་ཏང་ཁོ་ནས་ཀྲུང་གོ་དང་བོད་ལྗོངས་སྐྱོབ་ཐུབ་པ་དང་། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་གསར་པ་དེ་བས་མེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བློ་བརྟན་འགྱུར་མེད་ངང་“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་ནི་ང་ཚོས་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་ནི་བོད་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བ་དང་། སྟོབས་ཤུགས། རེ་བ་བཅས་གནས་ས་ཡིན། དགུན་གྱི་གྲང་ངར་མྱོང་མཁན་གྱིས། དཔྱིད་ཀྱི་དྲོ་སྐྱིད་ལྷག་པར་ཚོར། མུན་ནག་བརྒྱུད་མྱོང་མཁན་གྱིས། འོད་སྣང་གི་རིན་ཐང་ལྷག་པར་ཤེས། དེང་གི་བོད་ལྗོངས་སུ་དུད་ཁྱིམ་ཚང་མའི་ཐོག་སྟེང་དུ་རྒྱལ་དར་བཙུགས་པ་དང་མི་ཚང་ཀུན་གྱི་ཁང་པའི་ནང་གཙོ་འཛིན་གྱི་སྐུ་པར་བཀལ་ཡོད་ཅིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡོད།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

    ཏང་གི་བྱ་གཞག་གཅིག་རྒྱུན་གཅིག་འཛིན་དང་བོད་སྐྲུན་བོད་དར་རྒྱུན་འཛིན་གྱི་མདུན་དུ་བསྐྱོད་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་གཟི་བརྗིད་ལས་འགན་མཐའ་གཅིག་ཏུ་ཁུར་ནས“དོན་ཆེན་བཞི”སྤྱི་ཡོངས་རང་བཞིན་གྱི་ངེས་གནས་དང་། ཁྱོན་ཡོངས་ཀྱི་བླང་བྱ། བརྒྱུད་རིམ་ཧྲིལ་པོའི་ཁྲིད་སྟོན་བཅས་སུ་བརྩིས་ནས་བོད་ཀྱི་བྱ་གཞག་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་འོད་སྟོང་གསར་པ་སླར་ཡང་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་མུ་མཐུད“བརྟན་ལྷིང”གི་དོན་ཆེན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་གནས་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། ཆེས་རྙོག་འཛིང་གི་འཐབ་རྩོད་ལས་རྣམ་པར་རྒྱལ་བ་དང་ཆེས་ཛ་དྲག་གི་འགྲན་སློང་བསུ་རྒྱུར་གཞི་ཚུགས་པ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བརྟན་པོ་སྐྲུན་དགོས། ང་ཚོས་མུ་མཐུད“འཕེལ་རྒྱས”ཀྱི་དོན་ཆེན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། དུས་རབས་གསར་པའི་བསྙོན་མེད་དོན་དམ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་ཀྱིས་སེམས་ནུས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་དམངས་འཚོའི་མཐའ་ཚད་བརྟན་པོ་བསྲུངས་ཏེ། རང་ངོས་ཀྱི་ལས་ཀའི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་དུས་བབ་འགྱུར་ལྡོག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས། ང་ཚོས་མུ་མཐུད“སྐྱེ་ཁམས”ཀྱི་དོན་ཆེན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་ཀླུང་གི་རྣམ་པ་ཡག་པོ་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕན་གྱི་རིན་ཐང་མཐོ་པོ་བཏོད་ནས་སྐྱེ་ཁམས་བཟང་པོ་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་དང་བཀྲག་མདངས་ཆེ་ཤོས་ཀྱི་འཕེལ་རྒྱས་ཀྱི་རྨང་གཞིར་འགྱུར་བར་བྱེད་དགོས། ང་ཚོས་མུ་མཐུད“མཐའ་སྟོབས”ཀྱི་དོན་ཆེན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། དམག་དཔུང་འདུས་སྡོད་དང་དམངས་བདེ་མཉམ་འཛིན་དང་དེ་བཞིན་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཇོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཇུས་དང་། རྣམ་གྲངས། མ་དངུལ་བཅས་དེ་བས་མང་བ་མཐའ་མཚམས་ལ་ཕྱོགས་པར་སྐུལ་འདེད་བཏང་སྟེ། མཐའ་མཚམས་དར་རྒྱས་ལ་བརྟེན་ནས་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་ཀྱི་མི་སེར་བདེ་སྐྱིད་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

    བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

    འོད་སྟོང་འཕྲོ་བའི་སྔོན་ཆད་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ནི་འབད་འཐབ་ལས་འབྱུང་བ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། རང་རྟོན་རང་དར་དང་གཞུང་འཁྱོངས་གསར་འབྱེད། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་མུ་མཐུད་འབུལ་དགོས།

    ལྷན་རྒྱས་ཐུགས་རྗེ་ཆེ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།