དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-27

    ཚེས་20ཉིན་ནས་ཚེས་24ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི་བཅས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་དང་དགོན་སྡེ་དོ་དམ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ལྷ་རི་རྫོང་ཉི་དབུ་ཤང་དང་། དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་མངགས་གཏོང་ཁང་དང་དེ་བཞིན་བཟང་ཁ་སྡེ་ཁུལ་དང་། སྤོ་བོ་རྫོང་རྒུ་ཤང་རྒུ་གྲོང་ཚོ་དང་བྲག་སྐས་ཤང་སོགས་སུ་ལིའུ་ཅང་གིས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་ནས། གཞི་རིམ་བཅོས་སྐྱོང་གི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ས་གནས་ས་ཐོག་ཏུ་དྲ་མིག་པ་དང་འབྲེལ་མཐུད་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་གི་APPབཀོལ་སྤྱོད་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་། ཚང་མས་ལས་ཀའི་བྱེད་སྟངས་ལེགས་སུ་ཧུར་ཐག་བཏང་ནས་མང་ཚོགས་སེམས་ནང་བཞག་སྟེ་འགལ་ཟླ་དང་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་སེལ་དགོས་པའི་ལྕག་སྐུལ་གནང་བ་རེད།

    སྟེང་ཆེན་རྫོང་དང་། འཇོ་མདའ་རྫོང་། དཔའ་ཤོད་རྫོང་བཅས་སུ་ལིའུ་ཅང་གིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཐག་གཅོད་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་སྟེགས་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་ནས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་ཆེད་བདེ་འཇགས་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    བྱམས་པ་གླིང་དགོན་དང་རྩེ་གྲུ་དགོན་དུ་ལིའུ་ཅང་གིས་དགེ་འདུན་པ་ཚོའི་ཐོས་བསམ་སྒོམ་སྒྲུབ་དང་དགོན་སྡེའི་མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ནས་ཁོང་ཚོར་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གིས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པའི་ལྕག་སྐུལ་གནང་བ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པས་ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་དང་ཆོས་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱས་ནས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགོ་འཇོ་རྫོང་སྐྱ་འབེལ་ཤང་བསམ་གྲུབ་མར་གྲོང་ཚོ་དང་ལྷ་རྒྱལ་ཤང་རྒྱབ་རི་གྲོང་ཚོ་སོགས་སུ་ལིའུ་ཅང་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ཏེ་གཞི་རིམ་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པས་བྱ་སྤྱོད་ངོ་མར་བརྟེན་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    སྤོ་བོ་རྫོང་གཡུ་ཕུག་ཞིབ་བཤེར་ས་ཚིགས་སོགས་སུ་ལིའུ་ཅང་གིས་གཞི་རིམ་ལས་བྱེད་ཉེན་རྟོག་པས་ལས་སྒྲུབ་དང་ལས་དོན་གྲ་སྒྲིག་བྱེད་ཚུལ་ལ་ཞིབ་བཤེར་གནང་ནས། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་དང་དམག་འཐབ་ནུས་པ་ལྡན་པར་བྱེད་དགོས་པ་དང་སྒྲིག་ཆས་དང་གོ་མཚོན་བེད་སྤྱོད་ཡག་པོ་བྱས་ཏེ་ཞབས་ཞུ་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་བརྟག་ཞིབ་གནང་སྐབས་བརྟན་ལྷིང་སྲུང་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ཏེ་སེམས་ནང་བཞག་ནས་དངོས་སྒྲུབ་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་དང་བརྟན་ལྷིང་ཡོང་བར་བྱེད་དགོས་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་གཏིང་ཟབ་བསྟར་ནས་དྲ་མིག་ཅན་གྱི་དོ་དམ་གནད་སྨིན་ཅན་དང་ཞིབ་ཕྲ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཞིག་ཧུར་ཐག་གཏོད་དགོས་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དང་། སེམས་ནུས་ཡོད་རྒུ་འདོན་པ། དམ་འཛིན་དང་དོ་དམ་བྱེད་ཕོད་པ་བཅས་བྱས་ནས་རྟག་ཏུ་འབྲེལ་གཏུག་དང་ཆ་འཕྲིན་སྤེལ་རེས་ཀྱིས་དགོན་སྡེའི་བརྟན་ལྷིང་དང་ཞི་མཐུན་ལ་དོ་དམ་བྱེད་དགོས་པ། “བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ལིའུ་ཅང་གིས་ད་དུང་ནགས་ཚལ་སྐོར་ཞིབ་ལས་དོན་སྤེལ་བ་དང་G318ལམ་རྒྱུད་ཀྱི་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་འགན་གཙང་ལེན་གྱི་རྣམ་གྲངས་སྐྲུན་འགོ་ཚུགས་པའི་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད།  

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།