ཝང་ཅུན་ཀྲེང་གིས་ལྷོ་ཁར་བརྟག་ཞིབ་གནང་བ།
ལིའུ་ཅང་ཞུགས་པ།
ཟླ་3ཚེས་17ཉིན་ནས་ཚེས་19ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་བ་དང་འབྲེལ་བརྟག་ཞིབ་ཀྱང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོའི་ཞིང་ནང་དུ་ཕེབས་ནས་དཔྱིད་རྨོད་དཔྱིད་གྲབས་དང་། སོན་བཟང་འདེམས་གསོ། ཞིང་སྤྱོད་རྒྱུ་ཆ་གྲབས་གསོག་བཅས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།
ཟླ་3ཚེས་17ཉིན་ནས་ཚེས་19ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་བ་དང་འབྲེལ་བརྟག་ཞིབ་ཀྱང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་འཕྱོངས་རྒྱས་རྫོང་ཁྲང་དཀར་གྲོང་ཚོའི་གྲོང་མི་པད་མ་ལྷ་སྐྱིད་ཀྱི་ཁྱིམ་དུ་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བཞིན་པ།
རྒྱལ་ཡོངས་ཚོཊ་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྤྱི་ཚོཊ་རིང་ལུཊ་དེང་རབས་ཅན་གྱི་བོད་གསར་འཛུཊ་སྐྲུན་ཆེད་ལེཊ་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ཟླ་3ཚེས་17ཉིན་ནས་ཚེས་19ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་གྱི་གོང་དཀར་དང་། གྲ་ནང་། འཕྱོངས་རྒྱས། ཟངས་རི། རྒྱ་ཚ། ཆུ་གསུམ་སོགས་རྫོང་དུ་ཕེབས་ནས། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་བ་དང་འབྲེལ་བརྟག་ཞིབ་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཅང་དང་། ཟླ་བ་ཚེ་རིང་། ཞུས་ཁྲེང་ཚང་། འཇམ་དཔལ། ལང་ཧྥུ་ཁོན། པད་མ་དབང་འདུས་བཅས་ཞུགས་ཡོད་པ་རེད།
ཉིན་ཤས་བསྟུད་མར། ཝང་ཅུན་ཀྲེང་གྲོང་ཚོ་དང་། ཞིང་དུད། རྣམ་གྲངས་སྐྲུན་ཡུལ། ཞིང་ནང་དང་མུ་ཁ་བཅས་སུ་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་གནང་བ་མ་ཟད། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་བ་རེད།
ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག མིག་སྔར་བོད་ཀྱི་ས་གནས་ཁག་ཏུ་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་འགོ་ཚུགས་ཤིང་། གྲ་ནང་རྫོང་གྲ་ཕྱི་ཤང་མོན་མཁར་རོང་གྲོང་ཚོར་ཞིང་ལས་འཕྲུལ་ཆས་ཞིང་ནང་དུ་ཕར་འགྲོ་ཚུར་འོང་གིས་དཔྱིད་རྨོད་ལས་ལ་བྲེལ་བཞིན་ཡོད། “འདི་ལོའི་དཔྱིད་འདེབས་ཀྱི་རྒྱ་ཁྱོན་ག་ཚོད་ཡོད་དམ། ནས་ཀྱི་སྣ་ཁ་གང་ཞིག་འདེབས་རྩིས་ཡོད་དམ། ན་ནིང་མུའུ་རེའི་ཐོན་འབབ་གང་འདྲ་བྱུང་ངམ”ཞེས་བཀའ་འདྲི་གནང་བཞིན་དུ་ཝང་ཅུན་ཀྲེང་ཞིང་ནང་དུ་ཕེབས་ཏེ་དཔྱིད་རྨོད་དཔྱིད་གྲབས་དང་། ནས་ཀྱི་སོན་བཟང་འདེམས་གསོ། ཞིང་སྤྱོད་རྒྱུ་ཆ་གྲབས་གསོག་བཅས་ཀྱི་གནས་ཚུལ་ལ་གཟིགས་པ་དང་འབྲེལ་ཞིང་དུད་ལ་ཐོན་འབབ་གང་འདྲ་བྱུང་མིན་སྐོར་བཀའ་འདྲི་ཡང་གནང་ཞིང་། ཁོང་གིས་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་མཐའ་འཁྱོངས་དང་། སོ་ནམ་དུས་ཚོད་དམ་འཛིན་བྱས་ནས་སྤུས་ཚད་མཐོ་པོས་དཔྱིད་རྨོད་དཔྱིད་གྲབས་བྱེད་པ། ཞིང་སྤྱོད་རྒྱུ་ཆ་དང་ཞིང་འཕྲུལ་མཁོ་སྤྲོད་འགན་ལེན། ཞིང་ལས་ཚན་རྩལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ཞིང་པ་མང་ཚོགས་ཀྱི་འབྲུ་འདེབས་ཧུར་སེམས་སྐོང་འཐེན་གང་ལེགས་བཅས་བྱས་ཏེ། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལ་ལོ་ལེགས་ཡོང་བའི་བརྩོན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས“འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་པས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཁྲང་དཀར་གྲོང་ཚོའི་ཁོར་ཡུག་དང་གྲོང་མིའི་སྒོ་ར་གཙང་སྦྲ་དོད་ཅིང་། ཝང་ཅུན་ཀྲེང་གིས་གྲོང་ཚོའི་ལམ་རྒྱུད་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ལ་རྟོག་ཞིབ་གནང་བ་མ་ཟད། གྲོང་མི་པད་མ་ལྷ་སྐྱིད་ཀྱི་ཁྱིམ་དུ་ཕེབས་ཏེ་ཁོང་དང་ཅི་འཕྲོས་མོལ་འཕྲོས་གནང་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཝང་ཅུན་ཀྲེང་གིས་བྱ་ཐབས་ཡག་པོ་དང་ཉམས་མྱོང་ཡག་པོ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཞན་ཆ་སེལ་བ་བཅས་བྱས་ནས་གོམས་སྲོལ་སྒྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འཕེལ་རྒྱས་དང་། སྐྱེ་ཁམས། རྒྱང་རིང་བཅས་ཀྱི་རྩིས་ཡག་པོ་བརྒྱབ་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དེ་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཞིང་འབྲོག་ལས་ཀྱི་སྤུས་མཐོ་ཕན་ཆེ་དང་། ཞིང་འབྲོག་ཁུལ་གྱི་གནས་འཕྲོད་ལས་འཚམ། ཞིང་འབྲོག་མང་ཚོགས་འབྱོར་ཕྱུག་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གོང་དཀར་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་། རྒྱ་ཚ་རྫོང་མགར་སྡོད་གྲོང་ཚོ་བཅས་སུ་ཕེབས་ཏེ་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། གཞི་རིམ་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་གོ་བདེ་ཤེས་སླ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་སྒྲོག་འགྲེལ་གཏིང་ཟབ། ཞིང་འབྲོག་ཁུལ་གྱི་སྤྱི་པའི་རིག་གནས་ཀྱི་འཐབ་ས་སྟོབས་ཆེན་སྐྲུན་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འབྲེལ་བཅས་བྱེད་པའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།
འཕྱོངས་རྒྱས་རྫོང་ཆང་སྐྱིད་གྲོང་ཚོ་དང་། ཟངས་རི་རྫོང་ཤར་ཅན་སྡོང་ཕྲུག་རྟེན་གཞི། རྒྱ་ཚ་རྫོང་ལ་སྒང་གྲོང་ཚོ་བཅས་སུ་ཝང་ཅུན་ཀྲེང་གིས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་རྗེས་ལེགས་ཆར་གཞི་ཚུགས་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལྗང་མདོག་ཡུལ་སྐོར་གྱི་རྣམ་པ་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་འབྱོར་ཕྱུག་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་སྐྱོད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་ནུས་རྒྱུ་གཙང་མའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་ཕེབས་ཏེ་སྙན་སེང་གསན་པ་དང་ལས་གྲྭའི་མྱུར་ཚད་བཀའ་འདྲི་གནང་བ་མ་ཟད། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། ཕན་ཡོད་མ་འཇོག་གི་ཆུ་ཚད་མཐོ་རུ་གཏོང་བ། ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་པ་མཉམ་སྤྱོད་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་བསམ་ཡས་གཙུག་ལག་ཁང་དང་ལྷ་རྒྱ་རིའི་རྒྱལ་པོའི་ཕོ་བྲང་སོགས་སུ་ཕེབས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས། དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རིག་དངོས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་རྒྱུན་རྣམ་ཅན་གྱི་གྲལ་བཤེར་བཅོས་སྒྲིག་བྱེད་པ་དང་རིག་ལྡན་མེ་ཟོན་མ་ལག་སྐྲུན་མགྱོགས་སུ་བཏང་སྟེ་རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བ། ཉམས་མྱོང་ཕྱོགས་སྡོམ་ལ་གཙིགས་ཆེན། ཉེ་འགྲམ་དུ་དཔེ་མཚོན་འཛུགས་པ། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བཅས་བྱས་ནས། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱ་ཆེའི་གྲྭ་བཙུན་གྱི་སེམས་ནང་གཏིང་ཟབ་ཟུག་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་གསན་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་སོགས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད།
ཝང་ཅུན་ཀྲེང་གིས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་ལྷོ་ཁའི་ལས་དོན་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་འཆར་འགོད་བྱས་ཏེ་ལྷོ་ཁའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མ་ཟད་བོད་ལ་གཟི་བརྗིད་ཀྱང་སྣོན་ཐུབ་པར་བྱེད་དགོས། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་དོགས་ཟོན་མཐའ་འཁྱོངས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མུ་མཐུད་ཆེ་རུ་གཏོང་བ། “འདུ་འགོད་ཆེན་པོ་བཞི”དང “བྱ་སྤྱོད་དྲུག”ལག་བསྟར་གཏིང་ཟབ། “འདུ་ཤེས་གསུམ་གྱི་སློབ་གསོ”ཏན་ཏིག་སྤེལ་བ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་ལས་གྲྭ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཁག་བློ་བརྟན་འགྱུར་མེད་ངང་ཡག་པོ་བསྒྲུབས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་ཡོང་བར་བྱེད་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་ས་ཁུལ་བསྐྲུན་པར་ཤུགས་སྣོན་རྒྱག་པ་དང་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་སྟེ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།