སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་13པ་འཚོགས་པ།
ཚེས་18ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་13པ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག 《སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་གྲོས་འགོའི་ཇུས་གཞི》དང་། 《དམངས་གཙོ་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》དང་མི་དོན་དོན་གནད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་བྱེད་པ་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། “བྱ་བ་གང་ཞིག་སྒྲུབ་ཀྱང་སེམས་སུ་གདེང་ཚོད་ཡོད་པའི”སྒུལ་ཤུགས་གསར་པ་ཆེ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་། དམངས་གཙོ་ལྟ་སྐུལ་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་རྒྱག་པ། ཏང་ཨུད་སྲིད་གཞུང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་དམངས་གཙོ་ལྟ་སྐུལ་ལས་དོན་གྱི་འཆར་གཞི་ནན་ཏན་ངང་འགོད་པ་བཅས་བྱས་ཏེ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ལ། སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གསོན་ཉམས་དོད་པོས་འགྲེལ་བཤད་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།