དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-20

    ཚེས་18ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་གནང་བ་རེད།

    ཚོགས་འདུའི་ཐོག 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་དམིགས་ནས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཝུའུ་ས་ཡིས་ཁྱོན་ཡོངས་དང་། བརྒྱུད་རིམ་ལྡན་པ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་འཆད་འགྲེལ་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ད་ཐེངས་ཀྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་མཐོ་སར་འཛེགས་ནས་རྒྱང་ལྟ་བྱེད་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱེད་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པའི་འཐབ་ཇུས་ངེས་ཤུགས་དང་བྱ་གཞག་གི་རྣམ་པ་གསར་པ་གཏོད་པའི་བརྗིད་ཆེའི་བློ་སྟོབས་གང་ལེགས་མངོན་ཡོད། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་ཏན་ཏིག་འགྱུར་བ་བྱེད་དགོས། གཅིག་ནས་རིགས་པའི་གཞུང་ལུགས་གསར་པས་འཕེལ་རྒྱས་གསར་པར་ཁྲིད་སྟོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། བསམ་བློ་གཅིག་གྱུར། ལག་ལེན་ལ་མཛུབ་ཁྲིད་བཅས་བྱེད་པ་དང་། གསར་གཏོད་ནི་སྲོག་ཤིང་དང་། ཐོན་ལས་ནི་རྨང་གཞི། ལྗང་མདོག་ནི་རྩ་བ་བཅས་ཡིན་པ་མཐའ་འཁྱོངས་བྱེད་པ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། སྲིད་ཇུས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་ཆ་རྐྱེན་བཅས་ལ་དམ་པོར་དམིགས་པ། གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། ཕུགས་ཀྱི་འཐབ་ཇུས་ཀྱི་མིག་རྒྱང་དེ་བས་ཡངས་པ་དང་། དངོས་སྒྲུབ་ཀྱི་བྱེད་ཐབས་དེ་བས་ནུས་ལྡན། བྱ་སྤྱོད་དེ་བས་ཧུར་བརྩོན་བཅས་ལ་བརྟེན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས། གཉིས་ནས་བྱས་རྗེས་གསར་པ་འཇོག་པ་དང་ལས་རྗེས་གསར་གཏོད་ལ་བརྟེན་ནས་འདི་ལོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་དམིགས་ཚད་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་གཏན་འཁེལ་ཟིན་པའི་བཀོད་སྒྲིག་གཞིར་བཟུང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དེ་འཐབ་ཇུས་ཀྱི་བྱ་སྤྱོད་དུ་བརྩི་བ་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དེ་ལས་འགན་ཨང་དང་པོར་བརྩི་བ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དེ་རྩ་བའི་སྒུལ་ཤུགས་སུ་བརྩི་བ། བདེ་འཇགས་ཐོན་སྐྱེད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དེ་མཐའ་ཚད་ཀྱི་བླང་བྱར་བརྩི་བ། དམངས་འཚོའི་མཐའ་ཚད་སྐྱོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དེ་འབད་འཐབ་ཀྱི་དམིགས་ཚད་དུ་བརྩི་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་དོན་ཚད་བརྒལ་ཡོང་བར་བྱས་ནས་སྤྱི་ཡོངས་ཀྱི་ལས་དོན་ལ་སྐུལ་ཁྲིད་བྱས་ཏེ་ལག་ལེན་བསྟར་མཁན་དང་། བྱ་སྤྱོད་སྤེལ་མཁན། དངོས་སུ་སྒྲུབ་མཁན་བཅས་ཀྱི་རྣམ་པའི་ཐོག་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས། གསུམ་ནས་རྣམ་པ་གསར་པར་བརྟེན་ནས་རྒྱང་ལམ་གསར་པ་གཏོད་པ་དང་། “དོན་འཁྱོལ་ལ་དམ་འཛིན”བྱེད་པ། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ། བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ། དུས་ཚིགས་དང་པོར་རྩིས་བཤེར་དང་། ལོ་སྟོད་ནས་འགོ་རྩོམ་པ། དུས་ཚིགས་གསུམ་པར་དམ་འཛིན། ལོ་ཧྲིལ་པོར་ཡག་པོ་སྒྲུབ་པ་བཅས་བྱས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ཚ་རླབས་མི་ཆག་པ་དང་། ལས་ཀ་སྤེལ་ཤུགས་མི་ཆག་པ། མྱུར་ཚད་མི་དལ་བ་བཅས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་ལ་བརྩོན་པ་དང་། འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་སྔར་བས་ཆེ་རུ་གཏོང་དགོས། མ་ལག་གི་འདུ་ཤེས་ཟབ་ཏུ་བཏང་ནས་སྤེལ་ཉེར་ཡོད་པའི་ཏང་ནང་ཁུལ་གྱི་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོར་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། ལམ་ལུགས་ཀྱི་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་བ། རིམ་ཁག་ཏང་ཡོན་ལས་བྱེད་པར་ཕན་འབྲས་དངོས་ལ་འབད་བརྩོན་མང་ཙམ་དང་རྣམ་པ་ཉུང་ཙམ་བྱེད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ། ནུས་ཤུགས་ཡོད་རྒུས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བཅས་བྱས་ཏེ་དཔའ་ངར་ཆེར་སྐྱེད་ཀྱི་འཐབ་རྩོད་ཀྱི་སྙིང་སྟོབས་དང་། དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ། ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་བཅས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།