དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ཆུ་ཤུར་རྫོང་ལ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-18

    ཚེས་15ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཆུ་ཤུར་རྫོང་དུ་ཕེབས་ཏེ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་བརྟག་ཞིབ་ཏུ་ཞུགས་ཡོད་པ་རེད།

    ཡན་ཅིན་ཧའེ་ཡིས་ཆུས་ཐའེ་ཧུང་ཤིན་སོན་ལས་ཀུང་སིའི་ཚོད་ལྟ་ཁང་དང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་གཟིགས་སྐོར་གནང་ཞོར་དུ་་སོན་གྱི་ཕྱི་ཐུམ་སོགས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་སོན་ལས་ནི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་འགག་རྩ་ཡིན། སོན་ཡག་པོ་ཡོད་ན་ཐོན་འབབ་ཡག་པོ་ཡོང་ཐུབ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“སོན་ལས་ཚན་རྩལ་རང་སྟོབས་རང་སྤེལ་དང་། སོན་ཁུངས་རང་རྟེན་རང་བདག”མངོན་འགྱུར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱེད་པ། “སོན་བཟང་གསོ་སྤེལ”དང“ཐབས་བཟང་དར་སྤེལ”ལ་དམིགས་ཏེ། ནས་ཀྱི་སོན་རྩིའི་ཐོན་ཁུངས་སྲུང་སྐྱོང་དང་། སོན་བཟང་ཞིབ་སྤེལ་གསོ་སྤེལ། ལེགས་འཕེལ་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དེང་རབས་སོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་གསུངས་པ་རེད། ཁོང་གིས་ཁེ་ལས་ལ་ས་མཐོའི་ཞིང་ལས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ།

    ཚན་ཞིབ་འགག་སྒྲོལ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། སོན་བཟང“འདེམས་གསོའི”ལས་དོན་ཡག་པོ་སྒྲུབ་པ། གཞི་རིམ་ལ་ཁ་ཕྱོགས་ནས་མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་བྱས་ཏེ། “སོན་བཟང”དེ་བས་མང་བ་རེ་བས་ཁེངས་པའི་ཞིང་སར་བཏབ་ནས་ཞིང་པའི་འབྲུ་འདེབས་ཀྱི་ཐོབ་སྣང་དང་འཚོ་བའི་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།

    ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོའི་ཚོགས་ཆུང་5པའི་ཞིང་ནང་དུ་ཞིང་འཕྲུལ་གྱི་ལྡིར་སྒྲས་ཁེངས་ནས་ཞིང་བྲེལ་གྱི་རྣམ་པ་འཁྲུག་ཆ་ཧ་ཅང་དོད། ཡན་ཅིན་ཧའེ་ཞིང་ནང་དུ་ཕེབས་ཏེ་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། ན་ནིང་གྲོང་ཚོའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གིས་བཏབ་པའི་སྐྱེ་ལྡན་ནས་ལ་ཀྲུང་ལུའེ་ཧྭ་ཤ་སྐྱེ་ལྡན་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ཐོབ་པ་མཁྱེན་རྗེས། ཡན་ཅིན་ཧའེ་ཡིས། ཐོན་ཁུངས་ཡག་པོ་དེ་ཐོན་རྫས་ཡག་པོ་ཞིག་ལ་འགྱུར་བར་བྱས་ནས་རིན་གོང་ཡག་པོ་རག་ཐབས་བྱེད་དགོས་པ་དང་། སྐྱེ་ལྡན་ནས་ཀྱི་སོན་རྩིའི་ཐོན་ཁུངས་དང་། འདེབས་གསོའི་རྟེན་གཞི། ལས་སྣོན་ཕྲ་ཞིབ། སོས་གནས་ཉར་ཚགས། ཐོན་རྫས་འཁོར་རྒྱུག སྤུས་རྟགས་ཚོང་གཉེར་བཅས་ཀྱི“འཁོར་འབྲེལ་ཆ་ཚང”འཕེལ་རྒྱས་རིམ་སྤོར་བྱ་རྒྱུར་སྐུལ་འདེད་བཏང་ནས། ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་དང་། མིང་གྲགས་ཆེ་རུ་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་སྒྱུར་ཐུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    གནམ་ཤང་ལྗང་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་དུ་ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་ཞིང་འཕྲུལ་ཁྱབ་གདལ་བེད་སྤྱོད་དང་ཉོ་སྒྲུབ་ཁ་གསབ་སོགས་ཞིང་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་དང་མཁྱེན་རྟོགས་གནང་བ་རེད། ཁོང་གིས། ཞིང་འཕྲུལ་མཉམ་ལས་ཁང་ནི་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་། ལས་ཀའི་ལས་ཕྱོད་ཆེ་བ། ལས་སྒྲུབ་ཚད་ལྡན་ཡོང་བ་བཅས་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན་པས། མཉམ་ལས་ཁང་འཕེལ་རྒྱས་སྟོབས་ཆེར་གཏོང་དགོས་ན་ངེས་པར་དུ་ཡོང་འབབ་ཁེ་བཟང་གཏོད་དགོས། ཤང་དེ་རང་དང་གྲོང་ཚོ་དེ་རང་གི་ཞིང་ལས་ཐོན་སྐྱེད་ལ་ཞབས་འདེགས་ཞུ་དགོས་པ་དང་ཆབས་ཅིག ས་ཁོངས་བསྒྲལ་ནས་ལས་ཀ་ཧུར་ཐག་བྱས་ཏེ་ཞིང་འཕྲུལ་ཕྱིར་གཏོང་བ་དང་ཡོང་འབབ་ཚུར་རག་པར་བྱས་ནས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།