ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་དུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།
ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་དུ་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ཞིང་། ཁོང་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་སྟེ། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ། བྱ་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྷ་ལྡན་གཙུག་ལག་ཁང་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། བར་སྐོར་ལྷོ་ངོས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། བདེ་འཇགས་ཞིབ་བཤེར་ས་ཚིགས་སོགས་སུ་ལིའུ་ཅང་གིས་ལས་རེས་མི་དམངས་ཉེན་རྟོག་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་དང་བདེ་སྲུང་ཞབས་ཞུ་དང་དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཏང་སྲིད་དམག་ཉེན་དམངས་བཅས་མཉམ་འབྲེལ་ལས་སྒྲུབ་དང་སྐོར་གཡེང་བྱེད་པའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཔུང་ཁག་གི་བསམ་པའི་ཉམས་འགྱུར་བཟང་པོ་དང་དམག་འཐབ་ནུས་པ་ཆེན་པོ་རྒྱུན་འཁྱོངས་ཀྱིས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་དོན་མཉམ་སྒྲུབ་ལ་དམ་འཛིན་ནན་པོ་བྱེད་པ། སེམས་ནུས་ཡོད་རྒུས་དུས་བདེའི་བདེ་འཇགས་སྲུང་བ་དང་ལྷག་བསམ་རྣམ་དག་གིས་དམངས་ལ་བརྩེ་བ་བཅངས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་གྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་དུས་བདེ་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། བར་སྐོར་ཁྲོམ་གཞུང་དོན་གཅོད་ཁང་དུ་ཕེབས་སྐབས། ལིའུ་ཅང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་མེ་ཟོན་བདེ་འཇགས་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་གཞི་རིམ་སྡེ་ཁུལ་གྱི་ལས་དོན་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་དང་གོང་གི་སྲིད་ཇུས་རབ་དང་རིམ་པ་སྡེ་ཁུལ་གྱིས་བརྒྱུད་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་དགོས། སྡེ་ཁུལ་གྱི་ལས་དོན་པས་གཞི་རིམ་དུ་གཞི་ཚུགས་པ་དང་། མི་སེར་ཁྲོད་རྩ་བ་ཚུགས་པ། རང་འགུལ་ངང་ཞབས་འདེགས་ཞུ་བ། འགལ་ཟླ་སེལ་བ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་གསལ་རྟོགས་བྱེད་པ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། བདེ་འཇགས་ཀྱི་ཉེན་ཟོན་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ། གོང་གི་གནས་ཚུལ་འོག་ལ་བསྒྲགས། འོག་གི་གནས་ཚུལ་གོང་ལ་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱས་ནས་གོང་འོག་འབྲེལ་མཐུད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་པའི་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་བྱེད་རིང་། ལིའུ་ཅང་གིས་བརྟན་ལྷིང་སྲུང་སྐྱོང་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། གནད་དོན་ཤེས་རྟོགས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བཅས་བྱེད་དགོས། ཕྱོགས་བསྡུས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་དང་ཚོད་འཛིན་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་འབྱུང་རྩ་ནས་ལྟ་འདོམས་དང་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ“དྲ་མིག་ཅན་གྱི་དོ་དམ་དང་གྲངས་འཛིན་ཅན་གྱི་བཅོས་སྐྱོང་ཟུང་དུ་འབྲེལ་བའི”བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་སྟེ་གདུབ་ཟུམ་ལས་ཀའི་མ་ལག་བཙུགས་ནས་མཐུན་སྦྱོར་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། གཞི་རིམ་གྱི་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ལས་ཀའི་རྩ་བའི་བླང་བྱར་བརྩིས་ནས་བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པ། དྲ་མིག་ཅན་གྱི་དོ་དམ་མི་སྣ་དང་དུད་སྦྲེལ་སྤྱི་མི་སོགས་སྤྱི་ཚོགས་སྟོབས་ཤུགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གནས་ཚུལ་དངོས་ཤེས་རྟོགས་དང་། བྱ་ཐབས་ཤུགས་སྣོན་རྒྱག་པ། ཉེན་ཁ་སེལ་བ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ནས་དོན་འཁྱོལ་མི་བྱེད་པའི་གནད་དོན་ལ་དམ་འཛིན་དང་དོན་འཁྱོལ་མི་བྱེད་མཁན་ལ་ཞིབ་བཤེར་ནན་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།