དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆི་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-13

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཆེད་དོན་ཚོགས་ཆུང་གི་2024ལོའི་ལས་ཀའི་གཙོ་གནད་དང་། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་གྱི་འགན་འཁྲི་གཙང་ལེན་རྣམ་གྲངས་ཀྱི་ལས་ཀའི་ཇུས་གཞི། ནུས་རྒྱུའི་མཁོ་སྤྲོད་འགན་ལེན་དང་གློག་དྲ་ཆེ་མོ་སྣུར་སྲིང་གི་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་དང་འབྲེལ་ཡོད་ལས་དོན་སྙན་སེང་གསན་པ་དང་། ལྷག་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། ཝེ་ཤིའུ་ཁྲང་། བསྟན་པ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆི་ཡིས་གསུངས་དོན། བོད་ནི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཞིག་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་། ནུས་རྒྱུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གློག་ཁུངས་དང་གློག་དྲ་ཐེག་ནུས་གློག་གསོག་བཅས་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཚོང་འགུགས་ལས་དོན་ཡག་པོ་སྒྲུབ་པ། ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་གྱི་ཁེ་ལས་ཁག་གཅིག་བཅའ་སྡོད་བྱེད་པའི་ཡིད་དབང་འགུག་པ། ཐོན་ལས་གླིང་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། གསོག་ནུས་གསར་པ་དང་རིག་ལྡན་ནུས་རྒྱུ་སོགས་ཀྱི་ཐད་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ནུས་རྒྱུ་གཙང་མའི་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། དམིགས་ཚད་ཕྱོགས་སྟོན་དང་། གནད་དོན་ཕྱོགས་སྟོན། གྲུབ་འབྲས་ཕྱོགས་སྟོན་བཅས་མཐའ་འཁྱོངས་ཀྱིས་འགན་འཁྲི་གཙང་ལེན་གྱི་ལམ་སྲོལ་དོན་འཁྱོལ་བྱས་ནས། ཟླ་རེའི་སྙན་ཞུ་དང་། ཟླ་རེའི་བཀོད་གཏོང་། ཟླ་རེའི་ཕྱོགས་སྡོམ་བཅས་ཀྱི་ལས་ཀའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། ཆེད་དོན་ཚོགས་ཆུང་དང་། ལྗོངས་ཐད་གཏོགས་འབྲེལ་ཡོད་སྡེ་ཚན། གྲོང་ཁྱེར་དང་ས་ཁུལ། ནུས་རྒྱུའི་ཁེ་ལས་བཅས་ཀྱིས་རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བཅས་བྱས་ནས། 2024ལོའི་ལས་དོན་གྱི་གཙོ་གནད་དོན་འཁྱོལ་ཐུབ་པ་དང་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་པར་མུ་མཐུད་སྐུལ་འདེད་གཏོང་དགོས། ཆུ་བོ་འབབ་རྒྱུད་ཀྱི་གློག་ཁང་དང་ལེ་ལག་ཚང་བའི་འོད་ཤུགས་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཕྱིར་འདྲེན་གློག་ལམ་གྱི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། རྟེན་གཞིའི་གློག་ཁུངས་དང་གློག་དྲ་དུས་མཉམ་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་བརྩོན་ལེན་བྱེད་དགོས། སྐྱེ་ཁམས་སྔོན་འཇོག་དང་། མཐའ་ཚད་ནན་སྲུང་། ལྗང་མདོག་ཨར་སྐྲུན། བདེ་འཇགས་ཐོན་སྐྱེད་བཅས་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ནན་ཤོས་སྤྱད་དེ། ནུས་རྒྱུ་གཙང་མའི་རྟེན་གཞི་དཔེ་མཚོན་ལས་གྲྭར་གཏོད་དགོས། ཐོན་ཁུངས་གསར་སྤེལ་གྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་དོན་འཁྱོལ་བྱས་ནས། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཧུར་ཐག་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།