དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཝང་ཅུན་ཀྲེང་།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། བོད་ཀྱི་ལས་དོན་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་པར་སྐུལ་འདེད་བཏང་ཡོད།
སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྩ་བ་དང་། སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་སྟོབས་འབྱོར་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ང་ཚོས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་ས་དེར་དམ་པོར་དམིགས་ནས། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། རྨང་གཞི་འདིང་བ་དང་ཕུགས་ཀྱི་ཇུས་གཞི་འདིང་བའི་ཐོག་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་འདུ་ཤེས་ལ་བརྟེན་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་དུ་སྒྲུབ་པ་དང་གཞི་རིམ་དུ་སྒྲུབ་པ། “དྲ་མིག་ཅན་གྱི་དོ་དམ་+གྲངས་འཛིན་ཅན་གྱི་བཅོས་སྐྱོང”བྱེད་ཐབས་ཁྱབ་གདལ་གཏོང་བ། དུས་བདེའི་བོད་ལྗོངས་བསྐྲུན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་དང་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སེམས་ལ་ཟུག་པའི་འདུ་འགོད་སོགས“འདུ་འགོད་ཆེན་པོ་བཞི”དང་ཀྲུང་ཧྭ་ལ་དགའ་བ་སེམས་རྒྱུད་དུ་འཇགས་པའི་བྱ་སྤྱོད་སོགས“བྱ་སྤྱོད་དྲུག”ལག་བསྟར་གཏིང་ཟབ། 2023ལོའི་ཟླ་9པར“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས”སྐབས་དང་པོ་གཉེར་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་བ་བཅས་བྱས་ཡོད། ས་ཁུལ(གྲོང་ཁྱེར)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ(གྲོང་ཁྱེར)དུ་འཛུགས་གཏོད་བྱེད་པའི་དམིགས་ཚད་ལོ་གཉིས་ཀྱི་སྔ་སྣུར་དུ་མངོན་འགྱུར་བྱུང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དེ་བས་ཟབ་ཏུ་ཕྱིན་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་2022ལོའི་ཟླ་5པ་ནས་བཟུང་ཆོས་ལུགས་ལས་རིགས་སུ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་འབྲེལ་སྤྱི་ཚོགས་ཡོངས་སུ་རྒྱ་སྐྱེད་བཏང་བ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། རྒྱ་ཆེའི་གྲྭ་བཙུན་ཚོའི“ཆོས་ལུགས་ལས་རྒྱལ་ཁབ་གཙོ། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ། ཆོས་པ་ལས་སྤྱི་དམངས་གཙོ”བཅས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་འཕེལ་རིམ་གསར་པ་ཟམ་མི་ཆད་པ་ཐོན་པར་བྱས་ཡོད།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན། བོད་ཀྱི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་གནད་དོན་ཁོ་ན་ཙམ་མ་ཡིན་པར། ཆབ་སྲིད་ཀྱི་གནད་དོན་དང་། དཔལ་འབྱོར་གྱི་གནད་དོན། སྤྱི་ཚོགས་ཀྱི་གནད་དོན། དམངས་འཚོའི་གནད་དོན་བཅས་རྩོད་སྒྲུབ་གཅིག་གྱུར་ཞིག་ཡིན། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། “འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་ཡོད་པ་བཅས”མཐའ་འཁྱོངས་བྱེད་པ། ཕན་ཡོད་མ་རྩ་འཇོག་རྒྱ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ནང་ཁུལ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་སྤྱི་འདོམས། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མ་དང་ཀུན་སྤྱོད་མཁའ་འགྲུལ་སོགས་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡང་བའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། བོད་ཀྱི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་བཅས་བྱས་ཏེ་དཔལ་འབྱོར་ཐད་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པར་འགན་ལེན་བྱས་ཡོད། 2023ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་9.5%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.5%དང་9.4%སོ་སོར་འཕར་བ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། གཙོ་གནད་རྣམ་གྲངས་ཁག་གཅིག་གི་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་ཡོད་པ། བོད་ཀྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒོར་དུང་ཕྱུར་130ལྷག་ཙམ་བཀོད་སྒྲིག་བྱས་ནས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་དང་། གྲོང་གསེབ་དར་རྒྱས་གཏོང་ཤུགས་ཆེ་རུ་བཏང་བ། སེམས་ནུས་ཡོད་རྒུས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་བཅོལ་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་པ། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ། བོད་ལྗོངས་འཛིན་གྲྭར་སློབ་མ་བསྡུ་བའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་བ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་དུ་དྲོད་རླངས་བཏང་བ། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་ཚང་མར་སྨན་བཅོས་བྱེད་ཐུབ། ལྗོངས་ཡོངས་སུ་གློག་དང་། དྲོད་རླངས། གསོ་རླུང་། སོལ་རླངས་བཅས་མཁོ་འདོན་བྱེད་པའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། “སྐལ་བཟང་མེ་ཏོག”གི་སྤུས་རྟགས་ཐབ་ཆས་ཁྱིམ་ཚང་མང་པོར་ཁྱབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་འབྲས་དེ་བས་མང་བ་དང་དེ་བས་གཞུང་དྲང་ངང་མི་རིགས་ཁག་གི་མང་ཚོགས་ཚོས་ལོངས་སྤྱོད་ཐུབ་པ་བཅས་བྱུང་ཡོད།
སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཤིང་། སྐྱེ་ཁམས་དེ་བོད་ཀྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཡིན་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད། ང་ཚོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་ལེན་གཏིང་ཟབ་བསྟར་བ་དང་། གྲོན་ཆུང་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བོར་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱ་རྒྱུར་སྤྱི་འདོམས་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་ནས་མུའུ་ཁྲི་120ཡི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱས་པས། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་ཕན་འབྲས་བཟང་པོ་ཐོན་ཡོད། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བཙུགས་ནས་གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་སྟེ། བོད་ཀྱི་གནམ་དེ་བས་སྔོ་བ་དང་། རི་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བར་བྱས་པས། ལྗོངས་ཡོངས་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་ཟིན་ནས། བོད་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ས་ཁོངས་ཧྲིལ་པོར་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་ཀྱི་ཞིང་ཆེན་དང་པོར་གྱུར་པ་རེད། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་ཐོན་ལས་དང་ཐཱན་བསྡུས་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་སྐྱེ་ཁམས་ཐོན་ཁུངས་བཟང་པོར་བརྟེན་ནས་སྐྱེ་ཁམས་ཀྱི་ཕན་པ་ཐོབ་པ་དང་ཕྱུག་འགྱུར་ལམ་བུར་སྐྱོད་པར་ཁྲིད་སྟོན་བྱས་པ་རེད།
དམག་སྡོད་དང་དམངས་བདེ་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་མི་སེར་བདེ་སྐྱིད་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱས་ཤིང་། རྒྱལ་ཁབ་ཡོད་ན་ད་གཟོད་ཁྱིམ་ཚང་ཡོད་པ་དང་། རྒྱལ་མཚམས་ཀྱི་བདེ་འཇགས་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་གང་ནས་ཡོང་སྲིད། ང་ཚོས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། བློ་རིག་གི་མཐའ་སྲུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ། མཐའ་མཚམས་མི་སེར་གྱི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་རོགས་བྱས་ནས། མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་། འཚོ་བ་ཕྱུག་ཏུ་གཏོང་བ། རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཡོད།
ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཤིང་། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ང་ཚོས་ཏང་འཛུགས་སྐྱོང་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ཏང་གི་འགོ་ཁྲིད་བོད་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། ཏང་དོ་དམ་དང་བཅོས་སྐྱོང་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞི”ཡི་ཆབ་སྲིད་བླང་བྱ་མཐའ་འཁྱོངས་དང་། འཇོན་ནུས་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། འཐབ་ས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། གདམ་གསེས། བཀོལ་སྤྱོད་བཅས་བྱེད་པར་སྣང་ཆེན་བྱེད་པ། འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་ཆག་ལ་སྐུལ་འདེད་གཏོང་བ། ཕུལ་བྱུང་ཤེས་ལྡན་པའི་ནུས་རྩལ་ཀུན་འདོན་གྱི་ཁོར་ཡུག་བཟང་པོ་བསྐྲུན་གང་ཐུབ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཤུགས་ཆེན་བྱས་ཡོད། ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་2021ལོའི་ལོ་མཇུག་ནས་བཟུང“སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི”ལས་དོན་རྒྱུན་མཐུད་སྤེལ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཧུར་ཐག་བཏང་བ་དང་། ཏང་ཡོན་ལས་བྱེད་པའི་དཔུང་ཁག་གིས་བློ་སེམས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་བྱ་གཞག་བསྒྲུབས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་འཐབ་ཧུར་ཐག་བྱས་ཡོད་པ་རེད།
(ཟླ་3ཚེས་6ཉིན་གྱི《ཤིན་ཧྭ་ཉིན་རེའི་གློག་འཕྲིན》གྱི་པར་ངོས་11ནས་བརྒྱུད་འགོད་བྱས)