བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་མུ་མཐུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ལ་ཞིབ་བཤེར་གནང་བ།
བློ་བཟང་རྒྱལ་མཚན་ཞུགས་པ་དང་། ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།
ཟླ་3ཚེས་6ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། མུ་མཐུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་། དེ་བཞིན་འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་དང་སྔོན་རྩིས་ཀྱི་སྙན་སྒྲོན་དང་འཆར་ཟིན་ལ་ཞིབ་བཤེར་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།
ཟླ་3ཚེས་6ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། མུ་མཐུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན། དེ་བཞིན་སྔོན་རྩིས་ཀྱི་སྙན་སྒྲོན་དང་འཆར་ཟིན་བཅས་ལ་ཞིབ་བཤེར་གནང་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྲོས་ཞིབ་ནང་ཞུགས་པ་དང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་རེད། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་སུན་ཡེ་ལི་ཚོགས་འདུར་ཕེབས་ནས་བསམ་འཆར་གསན་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྐྲུན་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བསྐྱོན་ཡོད། གསུང་བཤད་ཀྱི་ནང་དོན་གཟིགས་རྒྱང་རིང་ལ་དགོངས་པ་ཟབ་པ་དང་། མིག་སྔར་གཞི་ཚུགས་ཡོད་ལ་ཕུགས་ལའང་དམིགས་པ་མ་ཟད། ཆབ་སྲིད་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པར་བརྟེན། ང་ཚོས་ལས་དོན་ཁག་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་དོན་དངོས་དང་ཟུང་འབྲེལ་དང་། ལས་ཀའི་གཙོ་གནད་མངོན་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་གོམ་སྟབས་མགྱོགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་པ་དང་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས། སྒོ་དབྱེའི་དཔལ་འབྱོར་ལ་གསོན་ཤུགས་ཆེ་ཤོས་ལྡན་པ་དང་སྒོ་དབྱེའི་ས་ཁུལ་ལ་འགྲན་ནུས་ཆེན་པོ་ལྡན་པས། སྒོ་དབྱེ་དང་བདེ་འཇགས་དང་། ནང་དུ་སྒོ་མོ་འབྱེད་པ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ། དོ་དམ་དང་ཞབས་ཞུ་བཅས་དབར་གྱི་འབྲེལ་བ་སྤྱི་འདོམས་ཡག་པོ་བྱེད་པ།
རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་རྒྱག་པ། སྒོ་དབྱེའི་ལས་སྟེགས་དེ་བས་མང་བ་བསྐྲུན་པ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། གཉེར་སྐྱོང་ཁག་གི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གིས་བོད་ལྗོངས་སྔར་བས་ཤེས་རྟོགས་དང་བོད་ལྗོངས་སྔར་བས་འཛམ་གླིང་གི་ཕྱོགས་སུ་མྱུར་དུ་སྐྱོད་ཐུབ་པར་བྱེད་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་བསྐྲུན་པར་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་ལེགས་སུ་གཏོང་བ། རྫོང་ཁོངས་དཔལ་འབྱོར་གྱི་ཁྱད་ཆོས་ཅན་དང་ཧེ་བག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བྱེད་པོའི་ནུས་པ་མངོན་གསལ་དོད་པ་དང་། ལེགས་ཆ་གསབ་རེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་ཀྱི་ཐོན་ཁུངས་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་བ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་མཐའ་འཁྱོངས། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་འཛུགས་པ། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན། དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། ལས་ཀའི་འགན་འཁྲི་སྔར་བས་དམ་དུ་དང་ནན་དུ་གཏོང་བ་དང་། མངོན་མེད་རྐྱེན་ངན་ལས་འཛོལ་ལ་བརྩི་བའི་འདུ་ཤེས་བརྟན་པོར་འཛུགས་པ། ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར། ཟུར་བསྟན་ལེབ་མཐོང་གི་ལས་དོན་ཡག་པོ་སྒྲུབ་པ། གནོད་འཚེའི་ཉེན་ཟོན་གྱི་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། སྤྱི་པའི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་སྔོན་ཚུད་ནས་ཤེས་པར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མུ་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་ཐབས་གཙོ་བོ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་དང་། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་གཏོང་བཅས་དང་ཟུང་འབྲེལ་བྱེད་པར་ཁྲིད་སྟོན་བྱེད་དགོས། གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་ནས་ལས་བྱེད་པའི་སེམས་ཤུགས་ལས་སྒྲུབ་ལས་གཏོད་ཐད་འཇོག་པ་དང་སེམས་ནུས་དོན་འཁྱོལ་དམ་འཛིན་ཐད་འཇོག་ཐུབ་པར་བྱེད་དགོས། མུ་མཐུད་སྤྱོད་ཚུལ་ལེགས་སུ་བཏང་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བཅོས་སྒྲིག་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཡོང་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མུ་མཐུད་གྲོས་ཞིབ་དང་། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་ལ་ཞིབ་བཤེར། སྔོན་རྩིས་སྙན་སྒྲོན་དང་འཆར་ཟིན་ལ་ཞིབ་བཤེར་བཅས་གནང་སྐབས། ལིན་རུའེ་དང་། བློ་བཟང་རྒྱལ་མཚན། པད་མ་མཚོ། ཝང་ཧུང་ཞང་། ཉི་མ། ཝང་ཆང་། བཀྲ་ཤིས་ཉི་མ། ནོར་བུ་གཡང་འཛོམས། ལུའོ་ཆིང་ཝུའུ། ཝང་ཧྥང་ཧུང་། བཀྲ་ཤིས་རྒྱལ་མཚན་སོགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཚང་མས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཆབ་སྲིད་ཆེ་ཤོས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་རྒྱུ་དུས་རབས་གསར་པའི་ལྡོག་མེད་ཀྱི་གནས་ལུགས། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་གལ་འགངས་ཆེ་ཤོས་ཀྱི་སྲིད་དོན་བྱས་རྗེས་བཅས་ལ་བརྩིས་ཡོད་པས། སྙིང་སྟོབས་རབ་འཕེལ་དང་། དངོས་ཐོག་བདེན་འཚོལ། སེམས་འགུལ་ཐེབས་པ་དང་ལག་བསྟར་ཆོག་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ནང་2023ལོའི་ལས་དོན་ལ་ཕྱིར་མིག་བལྟས་པ་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པ་དང་གྲངས་གཞི་ཁུངས་བཙན་དང་བཀོད་སྒྲིག་བྱས་པའི་2024ལོའི་ལས་ཀའི་དམིགས་ཚད་ཁ་གསལ་དང་བྱེད་ཐབས་ཞིབ་ཚགས་བཅས་ཡོད་པས། མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཆེན་པོ་ལྡན་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ངེས་ཡིན་པས། འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་ཀྱི་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
དེ་ཉིན་ཕྱི་དྲོར། བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་སྒོ་མོ་འབྱེད་པའི་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།