བློ་གྲོས་སྟོབས་ཤུགས་གཅིག་ཏུ་སྒྲིལ། འབད་འབུངས་ཡར་བརྩོན་འབྱུང་འགྱུར་གཏོད།
—— འཐུས་མི་དང་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་གྲོས་བསྡུར་གནང་བ།
ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་རྣམ་པས་མི་དམངས་ཚོགས་ཁང་ཆེ་མོར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་རེད།
ཚང་མས། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ལོ་གསར་པའི་ནང་དམིགས་ཚད་དང་ལས་འགན་གསར་པར་དམིགས་ཏེ། བློ་གྲོས་དང་སྟོབས་ཤུགས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་སྡུད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་གྱི་ཡིན་ཞེས་གསུངས་པ་རེད།
དཀའ་སྤྱད་འབད་བརྩོན་བྱས་པར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ།
རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་126ཡན་ཟིན་ཏེ་5.2%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1244གསར་དུ་ལས་ཞུགས་ཐུབ་པ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.39ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.1%འཕར་བ་ལ་སོགས་རེད།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་གྲངས་གཞི་མང་དག་ལས་འདས་ཟིན་པའི་ལོ་གཅིག་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་མངོན་ཡོད།
“གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན། གྲུབ་འབྲས་ནི་སེམས་ཤུགས་འཕེལ་བ་ཞིག་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀུའེ་ཀྲོའུ་ཞིང་ཆེན་ཧྲི་ཆན་རྫོང་ལུང་ཐང་གྲོང་རྡལ་ཁུན་ཉིའུ་ཧྲན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཅུས་ཧྭ་གོ་ཡིས་བརྗོད། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་ཐོབ་པའི་གྲུབ་འབྲས་ཀྱི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བར་ཐུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བར་ཐུག་པ་དེ་ནི་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་གྲུབ་འབྲས་རེད་ཅེས་གསུངས།
2023ལོར་ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོད།
གྲོང་གསེབ་དར་རྒྱས་གཏོང་བའི་སྐོར་གླེང་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧྥུའུ་ཅན་ཞིང་ཆེན་ནན་ཨན་གྲོང་ཁྱེར་ཧྲེང་ཤིན་གྲོང་རྡལ་ཧྲེང་ཧྲན་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཅིན་པི་ཡིས། “ང་ཚོས་ན་ནིང་ཉིན་མཁོའི་དངོས་རྫས་དང་། བསྐྱར་སྐྱེས་རུང་བའི་ཐོན་ཁུངས། ཟོག་འགྲེམས་སྐྱེལ་འདྲེན་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་ཡུལ་མི་ཚོའི་འཚོ་བ་དེ་བས་ཡག་ཏུ་ཕྱིན་ཡོད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས།
“འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.39ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད”སྙན་སྒྲོན་ནང་གི་གྲངས་གཞི་དེ་དག་ལས་འབད་བརྩོན་དང་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བ་མཚོན་གྱི་ཡོད།
“ན་ནིང་གྲོང་ཚོར་ཆུ་ལོག་ཐོན་སྐབས་ཏང་ཡོན་ལས་བྱེད་པས་ཚང་མའི་སྣེ་ཁྲིད་དེ་ཐོན་སྐྱེད་རང་སྐྱོབ་དང་གསབ་འདེབས་མྱུར་འདེབས་བྱས་པས་མཐར་ལོ་ལེགས་བྱུང་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧོ་པེ་ཞིང་ཆེན་ལིན་ཧྲའུ་རྫོང་ཁྲེ་ཀུའུ་ཁྲང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་ཁྲུན་ཧྥང་གིས་གསུངས།
དམིགས་ཚད་ལས་འགན་ལ་དམིགས་པས་གདེང་ཚོད་དང་གདིང་ཤུགས་ཆེ་རུ་ཕྱིན་པ།
སྙན་སྒྲོན་ནང་འདི་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་བཀོད་སྒྲིག་བྱས་པ་སྟེ། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%ཙམ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1200ཡན་གསར་དུ་ལས་ཞུགས་ཐུབ་པ། གྲོང་མིའི་འཛད་སྤྱོད་རིན་གོང་3%ཙམ་འཕར་བ་ལ་སོགས་རེད།
“སྔོན་དཔག་དམིགས་ཚད་ལུགས་མཐུན་ངང་བཟོས་ན། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་འགྲོ་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པ་ཀུང་སིའི་ཏུང་ཧྲི་ཀྲང་མཱ་ཡུང་ཧྲེང་གིས་གསུངས། དེ་ཐོག་ནས་ང་ཚོས་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་གདེང་ཚོད་མཚོན་པ་དང་། ཀྲུང་གོའི་དཔལ་འབྱོར་ལ་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་ནུས་པ་ལྡན་པ། བརྐྱང་བསྐུམ་བྱེད་ས་ཡོད་པ་བཅས་ཀྱི་གདིང་ཤུགས་ཆེན་པོ་ལྡན་པ་མཚོན་གྱི་ཡོད།
སྙན་སྒྲོན་ནང་འདི་ལོའི་སྲིད་གཞུང་གི་ལས་འགན་བཀོད་སྒྲིག་བྱས་ཤིང་། “དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་འཕེལ་རྒྱས་གཏོང་དགོས་པ”དེ་ཨང་དང་པོ་རེད།
“ཐོན་སྐྱེད་ནུས་ཤུགས་གསར་མས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྤྱད་དེ་ཚན་རྩལ་ཁེ་ལས་ལ་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་བྱས་ཡོད་པས་ང་ཚོས་གོ་སྐབས་དམ་འཛིན་དང་རང་འགུལ་ངང་བྱས་རྗེས་འཇོག་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཝུའུ་ཧན་ཀའོ་ཏེ་ཧུང་ཝའེ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧོང་ལི་ཡིས་གསུངས་པ་དང་། ཁོང་གིས་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་ཆགས་པའི་འགག་རྩ་ཡིན། འདི་ལོ་ཁེ་ལས་ཀྱིས་དམའ་འཕུར་དཔལ་འབྱོར་དང་། བསམ་བློ་དང་སྒྲིག་ཆས་འབྲེལ་མཐུད་སོགས་ཀྱི་ཁྱབ་ཁོངས་སུ་ཤུགས་རྒྱག་དགོས་ཞེས་གསུངས།
བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བྱས་རྗེས་གསར་པ་བཞག་པ།
འདི་ལོ་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཁོར་ཡུག་ནི་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ་ཞིག་ཡིན་པས། མཐུན་རྐྱེན་ལས་འགལ་རྐྱེན་ཆེ་བ་ཡོད།
འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདི་ལོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད་པས་གོ་སྐབས་བཟང་པོར་དམ་འཛིན་དང་མཐུན་རྐྱེན་ཡག་པོ་སྤྱད་དེ་ཕྱོགས་ཁག་གི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་འགྲོ་བ་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཁྲང་ལུའུ་ཡིས་ཚོགས་འདུའི་བར་གསེང་དུ་འཐུས་མི་དང་ཨུ་ཡོན་ཚོ་དང་སྤེལ་རེས་གནང་བ་རེད། “མཐོ་སློབ་ཀྱིས་བསྡུས་གྲུབ་གློག་ལམ་དང་མི་ཐབས་རིག་ནུས་སོགས་བཟོ་ལས་ཅན་གྱི་གཙོ་གནད་ཁྱབ་ཁོངས་ཀྱི་གསར་དར་སྣོལ་འདྲེས་རིག་ཚན་ཁག་གཅིག་གཙོ་གནད་ཐོག་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བར་སྐུལ་ལྕག་བྱེད་དགོས”ཞེས་དང“ཐོན་སློབ་ཞིབ་སྤྱོད་མཐུན་སྦྱོར་གཏིང་ཟབ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ”སོགས་ཡང་དག་གནད་འཕིགས་ཀྱི་དངོས་སྒྲུབ་གྲོས་འགོ་མང་པོ་ཞིག་གྲོས་གཞིའི་ནང་བཀོད་ཡོད།
“དགུ་བཅུ་ནང་སྐྱེས”ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཀྲུང་ཧྲན་ནི་ཀན་སུའུ་ཞིང་ཆེན་ཏུང་ཤང་རིགས་རང་སྐྱོང་རྫོང་ནས་ཡིན་ཞིང་། ཁོང་གི་མཉམ་ལས་ཁང་གི་ལུག་གསོ་ཚགས་ཀྱི་གཞི་ཁྱོན་དེ་བཙུགས་མ་ཐག་པའི་སྐབས་ཀྱི་མགོ་གྲངས་བཅུ་གྲངས་ཙམ་ནས་ད་ལྟའི་མགོ་གྲངས་2500ལྷག་ཙམ་བར་མང་དུ་ཕྱིན་པ་དང་། དུས་ཐུང་ལོ་ཤས་ནང་ས་གནས་དེ་གའི་དུད་ཚང་300ལྷག་ཙམ་སྐུལ་ཁྲིད་བྱས་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་2000ལྷག་ཙམ་ཡོང་བར་བྱས་ཡོད།
“ལོ་གསར་པའི་ནང་ངའི་དམིགས་ཚད་ནི་ཡུལ་མི་རྣམས་ལུག་གསོ་ཚགས་ཀྱི་ལམ་བུར་ཡག་པོ་བསྐྱོད་དེ་མཉམ་དུ་ཕྱུག་པོ་ཆགས་པ་བྱ་རྒྱུ་དེ་ཡིན”ཞེས་ཀྲང་ཀྲུང་ཧྲན་གྱིས་གསུངས།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐར་གཏུག་གི་དམིགས་ཡུལ་ནི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་རྒྱུ་དེ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ། ལན་ཀྲོའུ་སློབ་ཆེན་ནད་སྐྱོང་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་ཧན་ལིན་གྱིས་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས“བྱིས་པའི་ཚན་ཁག་དང་། རྒན་རྒོན་གསོ་རིག སེམས་ཁམས་འཕྲོད་བསྟེན། སྨན་བཅོས་ནད་སྐྱོང་སོགས་ཀྱི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་སེལ་དགོས”ཞེས་པའི་ཚིག་དུམ་དེའི་གཤམ་དུ་འཕྲེད་རྟགས་ཤིག་བརྒྱབ་ཡོད།
ཁོང་གིས“ངས་འདྲི་རྩད་དང་བརྟག་ཞིབ་བྱས་པ་བརྒྱུད། རང་རྒྱལ་གྱི་རྒན་རྒོན་གྱི་གྲངས་འབོར་འཕར་བ་དང་ཆབས་ཅིག་ཁྱིམ་ཚང་གི་ལྟ་སྐྱོང་ནུས་པ་རིམ་བཞིན་ཆུང་དུ་འགྲོ་བ་དང་རྒན་རྒོན་གྱི་ཡུན་རིང་ནད་སྐྱོང་གི་གནད་དོན་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་བ་ཤེས་རྟོགས་བྱུང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་འགྲོ་བ་དང་ཆབས་ཅིག་རྒན་རྒོན་དང་དེ་བཞིན་མི་ཚོགས་སྣ་ཚོགས་ཀྱི་བདེ་ཐང་གི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་ཐུབ་པ་ང་ཚོར་ཡིད་ཆེས་ཡོད”ཅེས་གསུངས།
འཐུས་མི་དང་ཨུ་ཡོན་རྣམས་ཀྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་དངོས་འཛིན་དངོས་སྒྲུབ་དང་། དཀའ་སྤྱད་སྙིང་རུས། བྱེད་མཁས་ལ་རྗེས་ཐོན་པ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཞེས་གསུངས།