ཀརྨ་ཚེ་བརྟན་གྱིས་ལྷ་སར་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་དང་ལས་དོན་ལ་བརྟག་ཞིབ་གནང་བ།
ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་3ཚེས་1ནས་ཚེས་2ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྷ་ས་གྲོང་ཁྱེར་དང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པར་སྐྱོད་པའི་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀརྨ་ཚེ་བརྟན་དང་བཅས་པས་ལྷ་ས་གྲོང་ཁྱེར་དང་། ཁྲེང་ཀོན་ཆུས། སྟོད་ལུང་བདེ་ཆེན་ཆུས། འདམ་གཞུང་རྫོང་སོགས་སུ་བསྐྱོད་ནས་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་དང་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
གྲོང་ཁྱེར་དང་ཆུས(རྫོང)བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཀརྨ་ཚེ་བརྟན་གྱིས་བཀོད་འདོམས་པུའུ་འཁོར་སྐྱོད་བྱ་ཚུལ་སྐོར་གྱི་སྙན་ཞུར་ནན་ཏན་ངང་གསན་པ་དང་འབྲེལ། གཞི་རིམ་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བརྙན་ལམ་བརྒྱུད་བཀོད་གཏོང་གནང་བ་དང་། སྡེ་ཁུལ་གྲོང་མི་ཨུ་ཡོན་ལྷན་ཁང་དང་ཁྲོམ་གཞུང་མངགས་གཏོང་ཁང་དུ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྒྲིག་དང་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ལ་སྣེ་ཁྲིད་དང་། ཤེས་རིག་ཉེན་རྟོག་ལས་དོན། ཐོལ་བྱུང་གི་གནད་དོན་ཐག་གཅོད་དང་བསྲུང་བྱ་གྲ་སྒྲིག་བཅས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ། དགོན་སྡེར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་བཅས་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་དང་། མེ་ཟོན་བདེ་འཇགས་དང་རིག་དངོས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་དྲི་ཞིབ་ཕྲ་གནང་བ་རེད།
ཀརྨ་ཚེ་བརྟན་གྱིས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། གནས་བབ་ལ་ཞིབ་འཇུག་ནན་ཏན་དང་བརྡར་གཅོད་བྱས་ནས་ཉེན་ཁ་དང་། མངོན་མེད་རྐྱེན་ངན། འགལ་ཟླ། རྩོད་གཞི་བཅས་གསལ་པོ་ཤེས་པར་བྱེད་དགོས་པ་དང་། “མི་ཐོན་པ་བརྒྱད”ཀྱི་བླང་བྱ་ལྟར་གནད་དོན་མི་ཐོན་པ་དང་རྙོག་དྲ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་དུ་སྲུང་དགོས་པ། མཇུག་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དམིགས་ཚད་དང་ལས་འགན་གསལ་པོ་བཟོ་བ་དང་འགན་འཁྲི་ནན་གྱིས་དཀྲིས་ཏེ། བཀོད་འདོམས་མ་ལག་གོ་ཆོད་ལ་ནུས་ཕྱོད་ལྡན་པ་དང་། བཀོད་གཏོང་བཀོད་འདོམས་གནད་ལ་འཁེལ་བ། སྤྱི་ཚོགས་ངོས་དོ་དམ་ཚོད་འཛིན་བྱེད་པ། སྔོན་ཇུས་བཀོད་ནས་ཁ་གཏད་གཅོག་པ། མཉམ་འགུལ་བཀོད་སྒྲིག་དུས་ཐོག་དང་གོ་ཆོད་པ་བཅས་ཀྱི་འགན་ལེན་བྱེད་དགོས། སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་གི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཏེ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོག་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།