དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་འགོ་ཚུགས་ཚོགས་འདུའི་ཐད་གཏོང་གཅིག་སྡུད་ཐོག་གསན་གཟིགས་གནང་བ།

    ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-06

    ཟླ་3ཚེས་5ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་འགོ་ཚུགས་ཚོགས་འདུའི་ཐད་གཏོང་གཅིག་སྡུད་ཐོག་གསན་གཟིགས་གནང་བ་དང་། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་ནས་སློབ་སྦྱོང་གནང་བ་རེད། ཚོགས་འདུ་གྲོལ་རྗེས་ས་གནས་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་བཀོད་གཏོང་དང་ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་གཅིག་སྡུད་གསན་གཟིགས་ཚོགས་འདུར་ཞུགས་ནས་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རེན་ཝེ་དང་། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་དང་དེ་བཞིན་ལས་གནས་ཐོག་ཡོད་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་ཟུང་འབྲེལ་གྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་། བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བཅས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀ་བྱེད་པ་དང་དོན་འཁྱོལ་ལ་དམ་འཛིན་གྱི་སྒུལ་ཤུགས་ཆེན་པོ་དང་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས་པ་དང་། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་རང་རྟོགས་ངང་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་བ། ཚན་རིག་དང་མཐུན་པའི་ངང་ལས་འགན་ཁག་བགོས། དོན་འཁྱོལ་གྱི་ཇུས་གཞི་བཟོ་བ། ལག་བསྟར་པ་དང་། བྱ་སྤྱོད་སྤེལ་མཁན། ལག་ལེན་པ་ཡག་པོ་ཞིག་བྱེད་པ་བཅས་བྱས་ཏེ་ལས་དོན་ཁག་བཀོད་སྒྲིག་དོན་འཁྱོལ་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས། མིག་སྔའི་ལས་དོན་ཡག་པོ་བསྒྲུབས་ནས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་མ་འཇོག་དོན་འཁྱོལ་དང་། རྣམ་གྲངས་ཀྱི་དུས་འགོ ལས་འགོ་བསྐྱར་འཛུགས། ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་ནུས་ལྡན་གྱི་མ་འཇོག་མུ་མཐུད་རྒྱ་ཆེར་གཏོང་དགོས་ཞེས་གསུངས་པ་རེད།

    ལིའུ་ཅང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས། ཉེན་བརྡ་རྒྱུན་སྒྲོག་དང་། རྒྱུན་དུ་དོགས་ཟོན། བདེ་སྡོད་ཉེན་བསམ། མ་བྱུང་སྔོན་འགོག་བཅས་བྱས་ཏེ་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ་དང་། ཉེན་ཁ་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་གཞི་རིམ་དུ་སེལ་བ་དང་ཐོན་བཟོ་ཡོད་པ་ནས་མེད་པར་བཟོ་དགོས། སྤྱི་པའི་བདེ་འཇགས་ལ་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་གོང་དུ་བཀུར་བ་དང་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་ཨར་སྐྲུན་ཨར་ལས་དང་། གཞུང་ལམ་འགྲིམ་འགྲུལ། བཟོ་གཏེར་ཐོན་སྐྱེད། བར་ཁྱམས་ཀྱི་མེ་ཟོན་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་གྲལ་བཤེར་དང་བཅོས་སྒྲིག་བྱེད་པར་དམ་འཛིན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་པ། ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་མུ་མཐུད་བརྟན་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོག་པར་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།