དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་འཚོགས་པ།

    ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-04

    ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལ་རང་ལྗོངས་ཀྱི་2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་2024ལོའི་ལས་དོན་བཀོད་སྒྲིག་བརྡ་ཁྱབ་བཏང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

    ལིའུ་ཅང་གིས་གསུངས་དོན། འཚོག་ཉེར་ཡོད་པའི་རྒྱལ་ཡོངས་ཚོགས་འདུ་གཉིས་ནི་རྒྱལ་ཡོངས་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྔར་བས་སྐུལ་སློང་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད། རང་ལྗོངས་ཀྱི་ཚོགས་འདུར་ཞུགས་མཁན་འཐུས་མི་དང་ཨུ་ཡོན་རྣམ་པས་རྩ་ཁྲིམས་དང་བཅའ་ཁྲིམས་དེ་བཞིན་སྲིད་གྲོས་སྒྲིག་ཡིག་གིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཁུར་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་360ལྷག་ཙམ་གྱི་ཚབ་ཞུས་ཏེ་མཉམ་དུ་རྒྱལ་དོན་གླེང་རྒྱུ་རེད། འཐུས་མི་དང་ཨུ་ཡོན་རྣམ་པས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། བསམ་བློ་ཆབ་སྲིད་དང་བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཁྲིམས་གཏན་འཁེལ་བའི་གོ་རིམ་བརྒྱུད་དེ་ཏང་གི་འདོད་ཚུལ་དེ་རྒྱལ་ཁབ་ཀྱི་འདོད་བློར་འགྱུར་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    ལིའུ་ཅང་གིས་ནན་བཤད་གནང་དོན། འཐུས་མི་དང་ཨུ་ཡོན་རྣམ་པས་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་བྱེད་པ་དང་། སྙན་སྒྲོན་ཁག་ལ་གྲོས་བསྡུར་ཡག་པོ་དང་གྲོས་ཞིབ་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་ཆེད་དུ་ཐབས་དང་ཇུས་ཧུར་ཐག་འདོན་པ་དང་དམངས་ཀྱི་དོན་དུ་གཏམ་བཤད་ཧུར་ཐག་བྱེད་པ། རྩ་འཛུགས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། དམངས་གཙོའི་དབང་ཆ་ཡང་དག་སྤྱོད་པ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་པ། ཚོགས་འདུའི་ཐོག་གཏམ་བཤད་བྱེད་པའི་ཡིག་ཆ་གྲ་སྒྲིག་ནན་ཏན་བྱེད་པ།《གྲོས་འགོ》དང《གྲོས་གཞི》རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་དང་གཟུགས་བརྙན་བཟང་པོ་བཏོད་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་དང་དེ་བཞིན་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྗེས་སུ་ལུས་འདོད་མེད་པ་དང་། འབད་འབུངས་སྟོབས་བརྩོན། ཡར་བརྩོན་བྱེད་ཕོད་པ་བཅས་ས་མཐོའི་བུ་ཕྲུག་གི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའོ་ཆིང་ཝུའུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པ་སངས་སྒྲོལ་མས་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་ཚབ་ཞུས་ནས་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།