དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སར“ཞིང་གསུམ”ལས་དོན་ལ་བརྟག་ཞིབ་གནང་བ།

    ཚེ་རིང་ཕུན་ཚོགས་ཀྱིས་རུ་སྣེ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-02

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་དང་བཅས་པ་སྟག་རྩེ་ཆུས་དང་། མལ་གྲོ་གུང་དཀར་རྫོང་། བོད་ལྗོངས་ཞིང་འབྲོག་ཚོགས་པའི་རྫས་ལུད་མཛོད་ཁང་བཅས་སུ་ཕེབས་ནས་ཞིང་འབྲོག་པའི་འབབ་འཕར་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན། རྨོ་འདེབས་སླར་གསོ། དཔྱིད་རྨོད་དཔྱིད་འདེབས། མཉམ་སྡེབ་དཔལ་འབྱོར་སྒྲིག་འཛུགས་དང་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ངོ་སྤྲོད་སྙན་ཞུ་ཉན་པ་དང་། ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པ། འདྲི་རྩད་ཞིབ་ཕྲ་བྱེད་པ། དུད་ཚང་དུ་བསྐྱོད་དེ་གླེང་མོལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད“ཞིང་གསུམ”གྱི་གཙོ་གནད་ལས་ཀའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་བྱ་ཐབས་ཁག་དང་ཐོབ་པའི་ཕན་འབྲས་ལ་ཁས་ལེན་བྱས་པ་རེད། བརྟག་ཞིབ་ཚོགས་ཆུང་གིས་ནན་བཤད་བྱས་དོན། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། “རྒྱལ་ཁབ་གྱི་དོན་ཆེན”བློ་ལ་འཆང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བླང་བྱ་ལྟར་གྲོང་གསེབ་འཛུགས་སྐྲུན་ལས་དོན་ཡག་པོ་སྒྲུབ་པ་དང་། གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་གི་གནས་ཚུལ་མི་ཐོན་པའི་མཐའ་ཚད་བརྟན་སྲུང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་ལས་ཞུགས་གཞན་སྒྱུར་སྒྲིག་འཛུགས་ཅན་ལ་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་ནས་ལེགས་ཆ་འདོན་སྤེལ། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། ཞིང་ལས་རྒྱུ་ཆའི་འགན་ལེན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ས་བོན་དང་ཞིང་ལུད་སོགས་དངོས་ཟོག་གྲབས་གསོག་ཡག་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་ཀྱི་ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་འགན་ལེན་བྱེད་པ། འབྲུ་རིགས་དང་པད་ཁ་འདེབས་འཛུགས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ལོ་ཧྲིལ་པོའི་འབྲུ་རིགས་དང་བཟའ་སྣུམ་ཐོན་སྐྱེད་ཀྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ཕུགས་ཀྱི་ཇུས་གཞི་འདིང་བ་དང་། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། སྟོབས་ཤུགས་སྤྱི་འདོམས་བྱས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྨོ་ཞིང་སྲུང་སྐྱོང་དང་ས་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པའི་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།