དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-02

    ཟླ་2ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། ཚེ་སྨོན་གླིང་སྡེ་ཁུལ་གྲོང་ལྷན། ར་མོ་ཆེ་གཙུག་ལག་ཁང་། ཀརྨ་དགོན་གསར་མངགས་གཏོང་ཁང་སོགས་སུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་ཞིབ་ཚགས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་ཕྱོགས་སྟོན་མངོན་གསལ་དོད་པོ་བརྟན་པོར་འཛུགས་པ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་ཀརྨ་དགོན་གསར་མངགས་གཏོང་ཁང་དུ། ལིའུ་ཅང་གིས་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་། དྲ་མིག་ཅན་གྱི་དོ་དམ་གནས་ཚུལ་སྐོར་གྱི་ངོ་སྤྲོད་གསན་པ་མ་ཟད། སྤྱི་ཚོགས་བདེ་འཇགས་འགོག་བཅོས་མ་ལག་འཛུགས་སྐྱོང་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲའང་གནང་ཞིང་། ཁོང་གིས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་གཏན་ནས་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་དང་། ཉམས་མྱོང་ཕྱོགས་སྡོམ་དང་ཞན་ཆ་སེལ་བ། ཉེན་ཁ་སྔོན་དཔག་སྔོན་བརྡ་གཏོང་བ་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་འཕྲིན་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད་བྱེད་པ། གཞི་རིམ་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ར་མོ་ཆེ་གཙུག་ལག་ཁང་དུ་བསང་གི་དུ་བ་ལྷོག་ལྷོག་ཏུ་འཕྱུར་ལ་ཡུལ་སྐོར་བས་ཁེངས་ཡོད། ལིའུ་ཅང་གིས་རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་སྐོར་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་ཞིང་། ཁོང་གིས། དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དང་། བརྩེ་སེམས་ཟབ་མོ་འཆང་བ། དམ་འཛིན་བྱེད་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་མཐའ་འཁྱོངས་ཀྱིས“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་དེ་བས་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ལིའུ་ཅང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས། ལས་ཀའི་སྤྱི་ཡོངས་སྟངས་འཛིན་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་ཟབ་གཏོང་བཅས་བྱས་ཏེ་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གཙོ་གནད་གཤམ་སྒྱུར་དང་། སྟོབས་ཤུགས་གཤམ་སྒྱུར། ཐོན་ཁུངས་གཤམ་གཏོང་བཅས་མཐའ་འཁྱོངས་ཀྱིས་དྲ་མིག་ཅན་གྱི་དོ་དམ་དང་། ཞིབ་ཚགས་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དུས་བདེ་མཉམ་གཏོད་དང་། འགལ་བ་མཉམ་འདུམ། གནད་དོན་མཉམ་བཅོས་བཅས་ཐུབ་པར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་། ཏང་ཡོན་ལས་བྱེད་པའི་གདོང་ལེན་རུ་ཁག་གི་ནུས་པ། མི་དམངས་མང་ཚོགས་ཀྱི་གཙོ་ཤུགས་དམག་གི་ནུས་པ་བཅས་གང་ལེགས་བཏོན་ནས། ཉེན་ཁ་མཉམ་འགོག་དང་དུས་བདེ་མཉམ་གཏོད་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།