དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ལྷ་སའི་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་སྐོར་ལ་བརྟག་ཞིབ་གནང་བ་དང་གནས་ཚུལ་སྙན་སེང་གསན་པ།

    ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་བཅས་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-01

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་འཆར་འགོད་དང་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་ཀྱི་འཚོ་བ་དང་ལས་ཀའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་སྐོར་ལ་བརྟག་ཞིབ་གནང་བ་དང་གནས་ཚུལ་སྙན་སེང་གསན་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་འཆར་འགོད་དང་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་མང་ཚོགས་ཀྱི་འཚོ་བ་དང་ལས་ཀའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཞུགས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་འགྲེམས་སྟོན་ཁང་དང་བར་སྐོར་ཁྲོམ་གཞུང་གི་དཔལ་གླིང་སྡེ་ཁུལ་དུ། ཝང་ཅུན་ཀྲེང་གིས་ཕེབས་གྱིན་དུ་བཀའ་འདྲི་གནང་སྟེ། ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་འཕེལ་རིམ་དང་། གྲོང་ཁྱེར་གྱི་ངེས་གནས། བྱེད་ནུས་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། སྡེ་ཁུལ་གྱི་སྒོ་རར་ཕེབས་ནས་སྒོ་རའི་ནང་འཚོ་བ་སྐྱེལ་མཁན་གྱི་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་བཀའ་འདྲི་ཡང་གནང་བ་རེད། ཁོང་གིས་ལྷ་ས་ནི་སྐད་གྲགས་ཆོད་པའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་དང་དེང་རབས་ཅན་གྱི་ཉམས་འགྱུར་ལྡན་པའི་ས་མཐོའི་གྲོང་གསར་ཞིག་རེད། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་གྲོང་ཁྱེར་ཡག་པོ་བསྐྲུན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་གྲོང་ཁྱེར་གྱི་ས་ཁོངས་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཉམས་འགྱུར་བཅས་གང་ལེཌ་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ལྷ་སའི་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་གནས་ཚུལ་གྱི་སྙན་སེང་ནན་ཏན་ངང་གསན་རྗེས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་གནང་སྟེ། གྲོང་ཁྱེར་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་སུ་ལ་བརྟེན་དགོས་པ་དང་སུའི་ཆེད་དུ་ཡིན་པའི་རྩ་བའི་གནད་དོན་ལ་ལན་གཏིང་ཟབ་བསྐྱོན་ཡོད་པ་ལས་ང་ཚོས་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་ཡག་པོ་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ལྷ་ས་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་ལས་དོན་དེ་ཉིད་ཡག་པོ་བསྒྲུབས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ལས་ཀར་འཚམ་པ་དང་། སྡོད་མལ་ལ་འཚམ་པ། སྤྲོ་སྐྱིད་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས། མང་ཚོགས་ཀྱི་འཚོ་བ་དང་ལས་ཀའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དེ་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། མང་ཚོགས་ཀྱི་འཚོ་བ་སྔར་བས་སྐྱིད་སྣང་དོད་པོ་ཡོང་བར་བྱེད་པའི་འདུ་ཤེས་དེ་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གྱི་ཁྲག་རྒྱུན་དང་མཉམ་འདྲེས་དང་ལྷུ་ཚིགས་ཁག་ཏུ་མངོན་པར་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་མཁོ་འདོན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་དང་། མང་ཚོགས་ཀྱི་དགོས་མཁོར་བསྟུན་པ། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་པ། གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ཐབས་ཇུས་ཐད་གྲོང་ཁྱེར་གྱི་གྲོང་མིས་ཤེས་པའི་དབང་ཆ་དང་། ཞུགས་པའི་དབང་ཆ། བསམ་ཚུལ་ཤོད་པའི་དབང་ཆ། ལྟ་སྐུལ་གྱི་དབང་ཆ་བཅས་ལ་བརྩི་འཇོག་བྱེད་པ། མང་ཚོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ལ་ཞུགས་པར་སྐུལ་ལྕག་གཏོང་བ་བཅས་བྱས་ནས་མཉམ་བཅོས་མཉམ་སྐྱོང་དང་མཉམ་སྐྲུན་མཉམ་སྤྱོད་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དོན་དངོས་ལ་གཞི་ཚུགས་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལྷ་སའི་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ཁྱད་ཆོས་མངོན་གསལ་དོད་པ་དང་རིག་གནས་མངོན་པར་བྱས་ནས་ལྷ་ས་འདི་ཉིད“འཛམ་གླིང་གི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར”བསྐྲུན་པའི་དམིགས་ཚད་ལ་གཞིགས་ཏེ་རིག་གནས་ཀྱི་གཞི་རྒྱུ་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་གྱི་ལྷུ་ཚིགས་ཁག་ནང་མཉམ་འདྲེས་ཐུབ་པ་དང་། ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཕྱོགས་ཡོངས་ནས་སྔོག་འདོན། ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་རྒྱུ་དེ་དུས་རབས་ཀྱི་སྙིང་སྟོབས་དང་ཟུང་འབྲེལ་བྱེད་པར་གཙིགས་ཆེན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མཚོན་རྟགས་མཚོན་པ་དེ་གནའ་གྲོང་གི་རིག་གནས་ཁྱད་ཆོས་དང་ཟུང་འབྲེལ་བྱེད་པར་གཙིགས་ཆེན་བཅས་བྱས་ཏེ། གྲོང་ཁྱེར་གྱི་རིག་གནས་རྩ་བ་རྒྱུན་འཁྱོངས་དང་། གྲོང་ཁྱེར་གྱི་སྔར་ཡོད་རྣམ་པ་རྒྱུན་འཁྱོངས། གྲོང་ཁྱེར་གྱི་སྙིང་སྟོབས་གཏོད་པ་བཅས་བྱས་ནས། སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་བྱེད་དགོས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། འགོ་འཛུགས་ས་མཐོ་པོ་ནས་གྲོང་ཁྱེར་འཆར་འགོད་ཡག་པོ་བྱེད་པ། ཚད་གཞི་མཐོ་པོས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་གྲོང་ཁྱེར་དོ་དམ་བྱེད་ཐབས་ལག་བསྟར། ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ། སྒྲིག་བཀོད་ཀྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་བསྡུས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་བར་མཐོངས་འཆར་འགོད་དང་བྱེད་ནུས་འཆར་འགོད་མཉམ་འདྲེས་དམ་ཟབ་དང་འཆར་མང་གཅིག་སྒྲིལ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ལྷ་སའི་དོན་དངོས་དང་འཚམ་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷ་སའི་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་ནི་དམངས་འཚོའི་འདུ་འགོད་ཅིག་ཡིན་ལ་འཕེལ་རྒྱས་ཀྱི་འདུ་འགོད་ཅིག་ཀྱང་ཡིན་པས་དེས་གྲོང་མི་མང་ཚོགས་ཀྱི་རེ་སྒུག་མཚོན་ཡོད། ལྷ་ས་གྲོང་ཁྱེར་གྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྤྱི་འདོམས་མཐུན་སྦྱོར་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། མང་ཚོགས་ཀྱིས་འགྱུར་ལྡོག་དང་ཕན་འབྲས་མཐོང་བ་དང་ཕན་འབྲས་དངོས་ཐོན་པར་ཤུགས་སྣོན་རྒྱག་པ་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་ནུས་ངེས་གནས་ལ་གཞི་ཚུགས་པ་དང་། ལས་རིགས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་གཏན་འབེབས་དོན་འཁྱོལ། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་ཀའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་དགོས། སྤྱི་ཡོངས་ཀྱི་འཆར་འགོད་དང་ལག་བསྟར་བརྟན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་གྱི་འཆར་འགོད་དང་གྲོང་ཁྱེར་འཛུགས་སྐྲུན་ཁག་ཁག་གི་སྣང་ཚུལ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ་དང་། འཆར་འགོད་ཀྱི་བཙན་ཐབས་འཆུན་འདོམས་ལ་ཤུགས་སྣོན་རྒྱག་པ། དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་ཁ་གསལ་བཟོ་བ། རྣམ་གྲངས་ཅན་དང་། ལས་གྲྭ་ཅན། རྩིས་ཐོ་ཅན་བཅས་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ། གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པའི་བསམ་བློ་འཛུགས་པ་བཅས་བྱས་ནས་འཆར་གཞི་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།