དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་པེ་ཅིང་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-01

    ཚེས་26ནས་ཚེས་28ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་པེ་ཅིང་དུ་སྔ་རྗེས་སུ་རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་ཝང་ཀོང་ཧྭ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས)ཀྱི་ཅུས་ཀྲང་ཀོན་ཀྲེ་ཨོའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་ཉི་ཧུང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཧུའུ་ཅིང་ལིན། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ལི་ཡུན་ཙེ། རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལི་ཆུན་དང་། དེ་བཞིན་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཤིན་པའོ་ཨན་བཅས་མཇལ་བར་ཕེབས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་དོན་སྐོར་ལ་མཐུན་སྦྱོར་དང་རང་འགུལ་ངང་རྒྱབ་སྐྱོར་ཐོབ་པའི་བརྩོན་ལེན། དེ་བཞིན་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་བཅས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། ལང་ཧྥུ་ཁོན། ཝེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝང་ཅུན་ཀྲེང་བཅས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་དང་། བྱེ་འགོག་བྱེ་བཅོས། རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན། གློག་མཁོ་འདོན་འགན་ལེན། ས་བབ་མཐོ་སར་དྲོད་རླངས་མཁོ་འདོན། ཁུལ་ཆུང་རྙིང་པ་སྒྱུར་བཀོད། མཐའ་མཚམས་འཛུགས་སྐྲུན། ཁྲལ་དོན་ལས་དོན། དངུལ་རྩ་ལྟ་འདོམས། རིག་དངོས་སྲུང་སྐྱོང་བཅས་དང་དེ་བཞིན་ཁ་གཏད་བོད་སྐྱོར་མུ་མཐུད་གཏིང་ཟབ་བྱེད་པ་སོགས་ཀྱི་ཐད་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་དེ་བས་མང་བ་གནང་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ་གི་ཡིན་ཞེས་གསུངས་པ་རེད།

    རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོས་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། བོད་ཀྱིས་བཏོན་པའི་འབྲེལ་ཡོད་རེ་འདུན་དང་རྒྱབ་སྐྱོར་བྱེད་པའི་དོན་ཚན་ལ་རེ་རེ་བཞིན་ལན་ཡང་བསྐྱོན་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་ཁྲོད་བོད་ལ་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་སྲིད་ཇུས་དང་། རྣམ་གྲངས། མ་དངུལ། ཤེས་ལྡན་པ་སོགས་ཀྱི་ཐད་མུ་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྩེ་སེམས་ཟབ་མོ་དང་སེམས་ནུས་ཡོད་རྒུས་བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།