ལིའུ་ཅང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱ་ཐབས་སྤྱད་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་བ།
ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱ་ཐབས་སྤྱད་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་ཕེབས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས། རྒྱུན་སྲིང་ལྷོད་མེད་ངང་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་རྒྱུན་གཏན་དུ་སྤེལ་བ་དང་གཞི་རིམ་དུ་སྤེལ་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ལིའུ་ཅང་ལྷུན་གྲུབ་རྫོང་སྟག་ལུང་དགོན་དུ་ཕེབས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་རིག་དངོས་སྲུང་སྐྱོང་སྐོར་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། དགེ་འདུན་པ་རྣམས་ལ་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས། ཁོང་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྒོམ་སྒྲུབ་ཉམས་ལེན་དང་དད་སྦྱོར་ཡང་དག་བྱས་ཏེ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ལྕག་སྐུལ་གནང་བ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་སྟེ། སྤྱི་ཚོགས་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཁྲོད་བོད་བརྒྱུད་ནང་བསྟན་གྱི་དགེ་མཚན་ལྡན་པའི་ནུས་པ་དེ་བས་ཡག་པོ་འདོན་དགོས། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དགོན་སྲོལ་བཙུན་ཆིངས་འཐུས་སྒོ་ཚང་དུ་བཏང་སྟེ། ཆོས་ལུགས་ལས་རིགས་ཀྱིས་རང་ངོས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། སེམས་ནུས་ཡོད་རྒུ་བཏོན་ནས་ཞབས་འདེགས་ཞུ་བ་དང་། ལྷག་བསམ་རྣམ་དག་གིས་གྲྭ་བཙུན་དང་གྲོགས་པོ་སྒྲིག་པ་དང་གྲོགས་པོ་བློས་ཐུབ་སྒྲིག་པ། དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་པ་བཅས་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས། དམ་འཛིན་བྱེད་ཕོད་པ་དང་སྒྲུབ་ཕོད་པ་དང་རྩ་དོན་མཐའ་འཁྱོངས་དང་། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བཅས་བྱས་ནས་རྒྱ་ཆེའི་གྲྭ་བཙུན་ལ་དད་སྦྱོར་ཡང་དག་དང་གཏམ་ནན་གྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས།
དེ་རྗེས་ལིའུ་ཅང་གསུམ་འཕྲེང་ཤང་གི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་དེ་གཞི་རིམ་གྱི་ལས་བྱེད་ཉེན་རྟོག་པ་དང་སྤེལ་རེས་བྱས་ནས་ཐེམ་ཐོ་དོ་དམ་དང་། རྩོད་གཞི་འདུམ་འགྲིག དྲ་མིག་བཀོད་སྒྲིག བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཞི་རིམ་བརྟན་ལྷིང་བྱུང་ན་སྤྱི་ཡོངས་བརྟན་པོ་ཡོང་བ་དང་གཞི་རིམ་བདེ་འཇགས་བྱུང་ན་སྤྱི་ཚོགས་བདེ་འཇགས་ཡོང་ཐུབ། ཤང་དང་གྲོང་རྡལ་གྱི་སྲིད་ཁྲིམས་ཨུ་ཡོན་དང་གཞི་རིམ་སྤྱི་བདེའི་མི་དམངས་ཉེན་རྟོག་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་འགན་འཁྲི་འཁུར་སེམས་དང་འཇོན་ནུས་ཆེ་རུ་བཏང་སྟེ། རྟག་ཏུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དངོས་དོན་རྟོག་ཞིབ་དང་། དམངས་ཀྱི་བསམ་འདུན་ཉན་པ། བྱ་བ་དངོས་སྒྲུབ་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་འགལ་ཟླ་དང་རྩོད་གཞི་སེལ་མཁས་པོ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ལིའུ་ཅང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་གཏིང་ཟབ་བསྟར་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། “གཅིག་གྱུར་གཅིག་དང་མཉམ་སྤེལ་དྲུག”གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲ་མིག་ཅན་ལ་དོ་དམ་ཏན་ཏིག་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་གི་ཆ་འཕྲིན་ལས་སྟེགས་ཡག་པོ་སྤྱོད་པ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པར་དམ་འཛིན་ནན་པོ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་ཨང་དང་པོ་ཟམ་མི་ཆད་པར་བརྟན་དུ་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་དང་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།