ཡན་ཅིན་ཧའེ་ཡིས་ལྷ་སར་རྣམ་གྲངས་འཛུགས་སྐྲུན་དང་གྲོང་ཁྱེར་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་རྣམ་གྲངས་འཛུགས་སྐྲུན་དང་གྲོང་ཁྱེར་སྔོ་འགྱུར་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་ལྷ་ས་འདི་ཉིད་དེ་བས་གནས་འཕྲོད་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཁྲེན་ཡུང་ཆི་དང་། འཇམ་དཔལ། ཧྲེ་ཧྭ་ཅེ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།
དུས་རབས་ཀྱི་འཕེལ་རྒྱས་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་དགོས་མཁོ་གཞིར་བཟུང་། ལྷ་སའི་ལྕགས་པོ་རིའི་སྟེང་གི་རླུང་འཕྲིན་བརྙན་འཕྲིན་གཏོང་སྤེལ་གྱི་ལྕགས་སྒྲོམ་ན་ནིང་ལོ་མཇུག་ཏུ་སྤོས་པ་དང་། ལྕགས་སྒྲོམ་སྤོས་རྗེས་ལྕགས་པོ་རི་དང་དེ་བཞིན་དེའི་ཉེ་འཁོར་གྱི་སྔོ་འགྱུར་ལས་དོན་ལ་འཕེལ་རིམ་གང་འདྲ་ཞིག་བྱུང་ཡོད་མེད་སྐོར་ལ་ཡན་ཅིན་ཧའེ་ཡིས་ཕེབས་ཞོར་དུ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཡན་ཅིན་ཧའེ་ཡིས་ལྕགས་པོ་རིའི་རྩེ་མོར་བཞེངས་ནས་མྱོང་ཚོར་ཟབ་མོས་གསུངས་དོན། ལྷ་ས་ནི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་པས་གནས་བབ་གལ་འགངས་ཆེ་ལ་དོ་ཁུར་བྱེད་ཚད་ཀྱང་མཐོ་པོ་ཡོད། ང་ཚོས་བཀྲག་མདངས་འཚེར་ས་གསར་པ་བཏོད་ནས་སྔོ་འགྱུར་ལས་དོན་ཏན་ཏིག་སྤེལ་ཏེ། སྔོ་འགྱུར་དང་མཛེས་བཟོ་དེ་གྲོང་ཁྱེར་གྱི་མཛེས་ལྗོངས་འཛུགས་སྐྲུན་དང་ཟུང་འབྲེལ་གྱིས་རིམ་པ་མང་བ་དང་ཕྱོགས་བསྡུས་ཀྱི་མཛེས་ལྗོངས་རྣམ་པ་ཞིག་ཆགས་པར་བྱས་ནས་ལྕགས་པོ་རི་དང་ཕོ་བྲང་པོ་ཏ་ལ་མཛེས་མདངས་ཕན་ཚུན་འཕྲོ་བ་དང་གཅིག་རམ་གཅིག་འདེགས་ཡོང་བར་བྱེད་དགོས། ཚན་རིག་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་ཀྱིས་བར་མཐོངས་ཀྱི་ཕྱོགས་བསྡུས་རང་བཞིན་དང་། ས་ངོས་ཀྱི་མཐུན་སྦྱོར་རང་བཞིན། རྣམ་པའི་སྤྱི་ཡོངས་རང་བཞིན། རིག་གནས་རྒྱུན་མཐུད་རང་བཞིན་སོགས་ཐད་ཀྱི་འཆར་འགོད་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་བྱེད་ནུས་གསར་བརྗེ་དང་ཕྱོགས་བསྡུས་ཀྱི་འཇོན་ཐང་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས“མཛེས་སྡུག་དང་། དེང་རབས། གནས་འཕྲོད། བདེ་སྐྱིད”བཅས་ཀྱི་ལྷ་ས་འཛུགས་སྐྲུན་ཡག་པོ་བྱེད་དགོས།
འདམ་ར་ལམ(ལེགས་བརྟན་ཐང་ཆེན)ནས་སྒང་སྟོད་ལམ(རྔ་ཆེན་ཟམ་ཆེན)གྱི་སྔོ་འགྱུར་མཐོར་གཏོང་སྒྱུར་བཀོད་རྣམ་གྲངས་ས་ཚིགས་སུ་ཡན་ཅིན་ཧའེ་ཡིས་ཞིབ་པར་གཟིགས་ནས་རྣམ་གྲངས་ཇུས་འགོད་ཀྱི་འབྲེལ་ཡོད་གནས་ཚུལ་ཡག་པོ་གསན་ཞིང་། ཁོང་གིས། འགྲོ་ལམ་སྔོ་འགྱུར་ཡག་པོ་བྱེད་པ་ནི་གྲོང་ཁྱེར་གྱི་ཁོར་ཡུག་ལེགས་སུ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། གྲོང་ཁུལ་གྱི་རླངས་འཁོར་མང་བའི་འགྲིམ་འགྲུལ་མ་ལམ་དུ་སྔོ་འགྱུར་མཐོར་གཏོང་སྒྱུར་བཀོད་ཚོད་ལྟའི་ལས་དོན་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐུལ་འདེད་བཏང་བའི་དམངས་ཕན་བྱ་བ་དངོས་ཡིན་ལ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་གསོན་ཉམས་དོད་པའི་གཞི་རྟེན་ཞིག་ཀྱང་ཡིན། ཇུས་གཞི་སྔར་བས་ལེགས་སུ་གཏོང་བ་དང་། ཞིབ་རྩིས་གསལ་པོ་རྒྱག་པ། སྔར་ཡོད་ཀྱི་རྩི་ཤིང་ལ་སྲུང་སྐྱོང་ཡག་པོ་བྱེད་པ། ས་སྟོང་དུ་ལྕང་མ་འདེབས་པ། ཆུའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། ཤིང་སོན་སྡེབ་སྦྱོར་ལུགས་མཐུན་བྱེད་པ། རྣམ་གྲངས་འཛུགས་སྐྲུན་དང་རྗེས་མཐུད་ཀྱི་གཡོག་བྱེད་ལ་གཞི་གཅིག་ཅན་གྱི་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས་ཚོད་ལྟའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་དངོས་འབྲེལ་ཐོན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ལྕགས་པོ་རིར་ཡན་ཅིན་ཧའེ་ཡིས་ད་དུང་ལས་སྒྲུབ་དྲག་ཆས་ཉེན་རྟོག་དཔོན་དམག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཤུག་གསེབ་དགོན་གྱི་དགོན་ལག་ཏུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་དང་དེ་བཞིན་དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཚུལ་བརྟག་ཞིབ་ཀྱང་གནང་བ་རེད།