དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • དམངས་ཆེད་བྱ་བ་སྒྲུབ་པའི་ཐོག་མའི་བསམ་འདུན་བརྟན་སྲུང་གིས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ།

    བོད་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་རིང་བྱས་རྗེས་གསར་པ་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-24

    དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་ཉེར་ཡོད། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམ་པས་སྔ་ས་ནས་གྲ་སྒྲིག་ཨང་བསར་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་བསྣམས་ཏེ“དཔྱིད་དུས་ཀྱི་ཚོགས་འདུ་གཟབ་རྒྱས”དེར་ཕེབས་རྒྱུ་རེད།

    “འདི་ལོ་ངས་མཚོ་བོད་ས་མཐོའི་འདམ་ར་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་འབྲེལ་ཡོད་གྲོས་འགོ་འདོན་གྱི་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་གིས་གསུངས།

    2023ལོར་རང་ལྗོངས་ཀྱིས་ཁྲིམས་ལྟར་འཐུས་མི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་། ལྷག་ཆུང་ནི་གསར་དུ་བདམས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་24ཡི་གྲས་ཤིག་རེད། ན་ནིང་གི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་ལྷག་ཆུང་གིས་བོད་ཀྱི་མཐོ་སློབ་ཀྱི་སྐྱེ་ཁམས་རིག་པའི་རིག་ཚན་རྩེ་གྲ་འཛུགས་སྐྱོང་དང་དེ་བཞིན་ས་གནས་དེ་གའི་ཤེས་ལྡན་མི་སྣ་རྨང་གཞིར་བྱེད་པ་དང་བོད་སྐྱོར་ཤེས་ལྡན་མི་སྣས་འདེགས་སྐྱོར་བྱེད་པའི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་བཙུགས་ནས“བློས་འགེལ་ཆོག་པ་དང་། གོ་ཆོད་པ། གནས་ཐུབ་པ”བཅས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་ཆེད་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་བྱེད་དགོས་པ་སོགས་ཀྱི་སྐོར་ལ་རང་ཉིད་ཀྱི་གྲོས་འགོ་བཏོན་པ་རེད།

    “《བོད་ཀྱི་མཐོ་སློབ‘རྩེ་གྲ་གཉིས’ཀྱི་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》ཕུལ་རྗེས། སློབ་གསོ་པུའུ་སོགས་རྒྱལ་ཁབ་པུའུ་ཨུད་ཀྱིས་དུས་ཐོག་ཏུ་ལན་བཏབ་ནས་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གྲོས་འགོ་དེར་ཚད་མཐོའི་མཐོང་ཆེན་གནང་ནས་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཚོད་དམ་འཛིན་གྱིས་དོན་འཁྱོལ་བྱེད་དགོས་པའི་བཀོད་སྒྲིག་བྱས་ཡོད། མིག་སྔར། བོད་ཀྱི་མཐོ་སློབ‘རྩེ་གྲ་གཉིས’ཀྱི་འཛུགས་སྐྱོང་ལ་འཕེལ་རིམ་ཆེ་ཙམ་བྱུང་ཡོད”འཐུས་མི་ལྷག་ཆུང་གིས་བོད་ལྗོངས་སློབ་ཆེན་དཔེ་བཞག་ནས་ན་ནིང་བོད་ལྗོངས་སློབ་ཆེན་གྱིས་སི་ཁྲོན་སློབ་ཆེན་དང་ཝུའུ་ཧན་སློབ་ཆེན་སོགས་མཐོ་སློབ་དང་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཚོགས་འདུ་རབ་དང་རིམ་པ་འཚོགས་པས་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད།

    ན་ནིང་། བོད་ཀྱི་འཐུས་མི་ཚོགས་པས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ཏེ་ཁྱོན་གྲོས་འགོ་ཁག་28བཏོན་གནང་ཡོད། དེའི་ནང་འཐུས་མི་ཚོགས་པའི་མིང་ཐོག་ནས་གྲོས་འགོ་ཁག་8བཏོན་པ་དང་འཐུས་མི་མི་སྒེར་མིང་ཐོག་ནས་གྲོས་འགོ་ཁག་20བཏོན་པའི་ནང་དོན་ནི་ནུས་རྒྱུ་གཙང་མ་དང་། དྲོད་རླངས་དང་གསོ་རླུང་མཁོ་འདོན། བོད་ཀྱི་གསོ་བ་རིག་པ་དང་ཐོན་ལས་འཕེལ་རྒྱས་སོགས་དང་འབྲེལ་བ་ཡོད་པ་རེད།

    2023ལོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་རྗེས། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རང་འགན་གཙང་སྒྲུབ་ཀྱིས་འགན་འཁྲི་འཁུར་ཕོད་པའི་སྤྱོད་ཚུལ་མངོན་པར་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཆི་བདེ་སོགས་འཐུས་མི་16གིས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཐེངས་30ལྷག་ཙམ་སྒྲོག་འགྲེལ་ཧུར་ཐག་བྱས་ནས་ཚོགས་འདུའི་དགོངས་དོན་དེ་ལས་དོན་ཇུས་འགོད་བྱེད་པའི་ཚན་རིག་དང་མཐུན་པའི་བསམ་ཕྱོགས་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ལ་ཏན་ཏིག་བསྒྱུར་བར་བྱས་པར། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་གྱིས་མཐའ་དར་དམངས་ཕྱུག་འདུ་འགོད་ལག་བསྟར་དང་ལྷོ་པ་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱས་ནས་གཞི་རིམ་དུ་བརྟག་ཞིབ་དང་བཅར་འདྲིར་གཏིང་ཟབ་སྐྱོད་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་རྩི་ཤིང་རྩ་འཛུགས་གསོ་སྐྱོང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཉི་སྒྲོན་གྱིས་ཧྲན་ཏུང་ཞིང་ཆེན་ཁྲིམས་ཁང་ཁོངས་གཏོགས་ཀྱི་བྱེད་སྒོར་ཞུགས་ནས་གཟིགས་ཞིབ་གནང་བ་སོགས་བྱས་ཡོད། འཐུས་མིས་གཟིགས་ཞིབ་གནང་བ་དང་། ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་སོགས་ཀྱི་བྱེད་སྒོར་ཞུགས་པ་བརྒྱུད་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་དང་དགེ་མཚན་མངོན་གསལ་དོད་པོ་གང་ལེགས་མངོན་པར་བྱས་ཡོད།

    ལོ་གསར་མ་འཆར་གོང་འཐུས་མི་ལྷག་ཆུང་གིས་2023ལོར་བོད་དང་ཧྲན་ཏུང་ཏུང་ཡིང་སོགས་སུ་སྤེལ་བའི་འབྲེལ་ཡོད་འདམ་ར་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་གྱི་ཆེད་དོན་བརྟག་ཞིབ་སྙན་ཞུ་དུས་ཚོད་དམ་འཛིན་གྱིས་ལེགས་སྒྲིག་དང་དབྱེ་ཞིབ་བྱས་ནས། འདི་ལོའི་གྲོས་འགོར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུ་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། དེར་རྒྱུན་ཆད་མེད་པར་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས། ངར་ལས་དོན་ཡག་པོ་སྒྲུབ་པའི་སེམས་ཤུགས་ཡོད་ལ་སྤུས་ཚད་མཐོ་བའི་གྲོས་འགོ་འདོན་རྒྱུའི་ཡིད་ཆེས་ཀྱང་ཡོད”ཅེས་འཐུས་མི་ལྷག་ཆུང་གིས་གསུངས་པ་རེད།

    ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་360ལྷག་ཙམ་གྱི་རེ་བ་ནན་པོ་དང་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་ཁུར་བས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་། ཧུར་བརྩོན་ཆེན་པོས་བྱས་རྗེས་འཇོག་པ། ངོ་མཚར་ཆེ་བའི་རྒྱུགས་ལན་འབུལ་བ་བཅས་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།