དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་ཟློས་གར་ཁང་ཆེན་པོར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-22

    ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་ཟློས་གར་ཁང་ཆེན་པོར་ཕེབས་ཏེ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་རིག་གནས་ཐོན་ལས་འཕེལ་རྒྱས་སྐོར་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་ཆབས་ཅིག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་བླང་བྱ་ལག་ལེན་གཏིང་ཟབ་བསྟར་ཏེ། མི་དམངས་ཀྱི་ལངས་ཕྱོགས་ལ་བརྟན་པོར་ལངས་པ་དང་། སྤུས་ཚད་མཐོ་བའི་རིག་གནས་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་ཐོབ་སྣང་དང་སྐྱིད་སྣང་དེ་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    བོད་ལྗོངས་མཛེས་རྩལ་ཁང་ནི་ལྷ་ས་ཨར་འདམ་བཟོ་གྲྭའི་གནས་རྙིང་སྒྱུར་བཀོད་བྱས་ནས་བསྐྲུན་པ་ཞིག་རེད། སྒོ་ཕྱེ་ཚུན་འགྲེམས་སྟོན་ཐེངས་མང་བྱས་པས་བཟོ་ཁང་རྙིང་པ་ནས་གསོན་ཤུགས་གསར་པ་རྒྱས་ཡོད། ཡན་ཅིན་ཧའེ་ཡིས་ཕེབས་ཀྱིན་གཟིགས་སྐོར་གནང་ཞིང་། ཕེབས་མཚམས་ཡང་ཡང་བཞག་ནས་ཚང་མ་དང་སྤེལ་རེས་དང་གླེང་མོལ་གནང་ཞིང་། ཁོང་གིས་བོད་ལྗོངས་མཛེས་རྩལ་ཁང་ནི་རང་ལྗོངས་ཀྱི་གཙོ་གནད་རིག་གནས་འདུ་འགོད་ཅིག་ཡིན་པས། ངེས་པར་དུ་དོ་དམ་ཡག་པོ་བྱེད་དགོས་ལ་བེད་སྤྱོད་ཀྱང་ཡག་པོ་གཏོང་དགོས། རིག་གནས་དམངས་ཕན་མཐའ་འཁྱོངས་བྱེད་དགོས་ཤིང་། རྒྱ་ཆེའི་རིག་རྩལ་ལས་དོན་པའི་གསར་རྩོམ་སྤེལ་རེས་ཀྱི་དགོས་མཁོ་སྐོང་དགོས་ལ། སྤྱི་ཕན་རང་བཞིན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་བྱེད་སྒོ་དེ་བས་ཀྱང་སྤེལ་དགོས། ཆུ་ཚད་ལྡན་པ་དང་། སྤྲོ་སྣང་ལྡན་པ། མང་ཚོགས་དང་འབྲེལ་འདྲིས་ཆེ་བ་བཅས་ཀྱི་འགྲེམས་སྟོན་སྔར་བས་མང་བ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་འཐུས་སྒོ་ཚང་བ་དང་། དེ་བས་ཕུན་སུམ་ཚོགས་པ། དེ་བས་སྤུས་ཚད་མཐོ་བ་བཅས་ཀྱི་བསམ་པའི་རིག་གནས་འཚོ་བ་ལོངས་སྤྱོད་ཐུབ་པར་བྱེད་དགོས། བོད་ཀྱི་ཁྱད་ཆོས་མངོན་པ་བྱེད་དགོས་ཤིང་། བོད་ཀྱི་ནང་དོན་ཟབ་མོ་ལྡན་པའི་རིག་གནས་ཐོན་ཁུངས་ལ་གཞི་ཚུགས་ཏེ། མི་སྣ་གྲགས་ཅན་དང་མཁས་ཅན་དང་ལྷག་པར་དུ་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བཟོ་རྩལ་མཛེས་རྩལ་མཁས་ཅན་གྱི་བརྩམས་ཆོས་ཡག་པོ་དེ་བས་མང་བ་འཚོལ་བསྡུ་བྱེད་དགོས། ཉར་ཚགས་དངོས་པོར་སྲུང་སྐྱོབ་བེད་སྤྱོད་དང་ཞིབ་འཇུག་འགྲེལ་བཤད་རྒྱག་པའི་ལས་དོན་ཡག་པོ་བསྒྲུབས་ནས་འབྱུང་རྩ་བཙལ་འཚོལ་དང་ཤེས་དཔལ་བརྒྱུད་རིམ་གསལ་སྟོན་སྔར་ལས་ཡག་པོ་བྱེད་དགོས། སྤེལ་རེས་གཏིང་ཟབ་བྱེད་དགོས་ཤིང་། “ཕྱིར་སྐྱོད་པ”དེ་གྲུབ་མཐའ་གཞན་དག་ལ་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་ནས་རང་ལྗོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། བོད་ཀྱི་གཞི་རྒྱུ་བེད་སྤྱོད་སྔར་ལས་ཡག་པོ་བྱས་ནས་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱེད་དགོས། བོད་ཀྱི་གཏམ་རྒྱུད་མུ་མཐུད་ཡག་པོ་བཤད་ནས་བོད་ཀྱི་གཟུགས་བརྙན་མངོན་པར་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།

    ན་ནིང་ཟླ་12པར་དངོས་སུ་སྤྱོད་འགོ་ཚུགས་པའི་བོད་ལྗོངས་ཟློས་གར་ཁང་ཆེན་པོ་འདིས་རང་ལྗོངས་སུ་ཞིང་ཆེན་རིམ་པའི་ཚད་ལྡན་ཟློས་གར་ཁང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཡོད། ཡན་ཅིན་ཧའེ་ཡིས་ཟློས་གར་ཁང་ཆེན་པོ་འཛུགས་སྐྲུན་དང་གཉེར་སྐྱོང་དོ་དམ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ། རིག་གནས་འཛུགས་སྐྱོང་དེ་དམངས་སེམས་འདུ་འགོད་དང་དམངས་ཕན་འདུ་འགོད་གལ་ཆེན་ཞིག་ཏུ་བརྩི་དགོས། ཟློས་གར་ཁང་ཆེན་པོ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དང་། བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།