དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་ལྕགས་ལམ་མཉམ་སྲུང་མཉམ་འགོག་རུ་མིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-18

    ལོ་འགོ་ལོ་མཇུག་ཏུ་ལྕགས་ལམ་མཉམ་སྲུང་མཉམ་འགོག་གི་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀའོ་ཐེན་ལམ་སྲུང་རུ་ཆེན་དང་རྒུ་རུམ་ལམ་སྲུང་རུ་ཆེན་དུ་ཕེབས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་བཅས་ཀྱི་ཚབ་ཞུས་ཏེ། དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་ལྕགས་ལམ་མཉམ་སྲུང་མཉམ་འགོག་གི་ལས་རེས་མི་སྣར་འཚམས་འདྲི་གནང་བ་དང་འབྲེལ། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་ལྕགས་ལམ་མཉམ་སྲུང་མཉམ་འགོག་རུ་མིར་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་ལུགས་མཚོན་པར་གནང་བ་དང་དུས་ཆེན་གྱི་སྨོན་འདུན་བཟང་པོའང་ཞུས་ཡོད།

    ལིའུ་ཅང་ཀའོ་ཐེན་ལམ་སྲུང་རུ་ཆེན་དུ་ཕེབས་ནས་རུ་མི་ཚང་མར་མཇལ་དར་བསྒྲོན་ཏེ་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་རུ་མིའི་གཟུགས་གཞི་བདེ་ཐང་དང་། ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བ། ལམ་ཐིག་སྐོར་ཞིབ། མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ལས་བཟོའི་དེབ་ཁང་དང་། ཏང་འཛུགས་སྐྱོང་གི་བྱེད་སྒོ་ཁང་། སྒྲིག་ཆས་ཁང་། ཟ་ཁང་བཅས་སུ་ཕེབས་ཏེ་ལས་ཀའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ལ་གཟིགས་ཞིབ་གནང་སྟེ་མཉམ་འགོག་རུ་མིས་ལས་གཅེས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་བཏང་ནས་ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་ཡོང་བར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལས་རེས་མི་སྣར་ལས་རེས་ཡག་པོ་བྱེད་པ་དང་རང་ཉིད་ཀྱི་གཟུགས་པོར་བདག་གཅེས་དང་རང་ངོས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད།

    ལིའུ་ཅང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་ལྗོངས་ཡོངས་ཀྱི་ལྕགས་ལམ་སྲུང་སྐྱོང་ལས་དོན་ལ་ཁས་ལེན་གནང་ཞིང་། ཁོང་གིས་མིག་སྔར་དཔྱིད་གསར་སྐྱེལ་འདྲེན་བྱེད་མང་བ་དང་ལྕགས་ལམ་མཉམ་སྲུང་མཉམ་འགོག་གི་ལས་འགན་ལྕི་པོ་ཡོད་པས། ལྗོངས་ཡོངས་ཀྱི་རིམ་ཁག་མཉམ་སྲུང་མཉམ་འགོག་རྩ་འཛུགས་དང་རྒྱ་ཆེའི་ལམ་སྲུང་རུ་མིས་ཚུགས་གནས་མཐོ་རུ་གཏོང་བ་དང་། ལས་འགན་གཙང་སྒྲུབ་བྱེད་པ། ལས་རེས་ལས་སྒྲུབ་ཀྱི་ལམ་ལུགས་ནན་པོ་སྲུང་བ། ཁོངས་གཏོགས་ཁུལ་གྱི་ལས་སྒྲུབ་སྐོར་གཡེང་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་སོགས་ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།