ཝང་ཅུན་ཀྲེང་གིས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་བ།
ལིའུ་ཅང་འབྲེལ་ཡོད་བྱེད་སྒོར་ཞུགས་པ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཁྲེང་ཏུའུ་དང་ལྷ་སར་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་ཁག་སོ་སོར་འཚམས་འདྲི་གནང་བ་མ་ཟད། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་བཞུགས་མོལ་ཡང་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཁྲེང་ཏུའུ་དང་ལྷ་སར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པ་རྒན་པའི་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་རྒྱལ་མཚན་ནོར་བུ་དང་། ལེགས་མཆོག པ་སངས་སོགས་ལ་ཁག་སོ་སོར་འཚམས་འདྲི་གནང་བ་མ་ཟད། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་བཞུགས་མོལ་ཡང་གནང་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་ཚང་མའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད།
“ལོ་གསར་བཀྲ་ཤིས་བདེ་ལེགས” ཝང་ཅུན་ཀྲེང་ས་ཆ་གང་དུ་ཕེབས་རིམ་བཞིན་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་དང་མཇལ་དར་སྒྲོན་རེས་གནང་ནས་སྨོན་འདུན་ཞུས་པ་མ་ཟད། འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཚོ་བ་དང་གཟུགས་གཞིའི་སྐོར་བརྩེ་སེམས་ཟབ་མོས་བཀའ་འདྲི་གནང་ཞིང་། ཝང་ཅུན་ཀྲེང་གིས། ཁྱེད་རྣམ་པ་ནི་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ནང་ཞུགས་མཁན་དང་དཔང་པོ་གནང་མཁན་ཤ་སྟག་ཡིན་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁྱེད་རྣམ་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་བརྟན་འགྱུར་མེད་ངང་བསྒྲུབས་པ་དང་། ཕུགས་བསམ་དང་དད་སེམས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱས་པ་བཅས་ཀྱི་ཕུལ་བྱུང་གཤིས་རྒྱུད་དང་གསར་བརྗེའི་སྙིང་སྟོབས་ལས་ང་ཚོར་སློབ་གསོ་ཟབ་མོ་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་ནི་ང་ཚོས་སློབ་སྦྱོང་བྱེད་འོས་པ་ཞིག་རེད། ང་ཚོས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་བཏིང་བའི་རྨང་གཞི་བརྟན་པོའི་ཐོག་བོད་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
བཞུགས་མོལ་ཚོགས་འདུ་མ་འཚོག་གོང་། ཝང་ཅུན་ཀྲེང་གིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་རེ་རེ་བཞིན་ལ་ཕྱག་བཏང་ནས་བྱམས་བརྩེའི་ངང་གླེང་མོལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ལས་བྱེད་པ་རྒན་གྲས་ཚོ་སྐུ་གཟུགས་གསལ་ཐང་དང་སྙིང་སྟོབས་རབ་ཏུ་འཕེལ་བ་གཟིགས་སྐབས་ཝང་ཅུན་ཀྲེང་དགྱེས་ཚོར་ཧ་ཅང་ཆེན་པོ་བྱུང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས། ཁོང་ཚོ་དང་ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་མ་ཟད། ཁོང་རྣམ་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཁོང་རྣམ་པར་དུས་ཆེན་སྤྲོ་པོ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཡང་སྙིང་ཐག་པ་ནས་ཞུས་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ནས། བོད་ཀྱི་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”བོད་ཀྱི་ལས་དོན་གྱི་འཐབ་ཇུས་ལས་འགན་ལ་བརྩིས་ནས་ང་ཚོས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས“དོན་ཆེན་བཞི”རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་ཀྱི“འཛུགས་གཏོད་བཞིའི”འབད་འཐབ་དམིགས་ཚད་ལ་ཞིབ་ཅིང་ཕྲ་བའི་ངང་དབྱེ་བ་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད“དོན་ཆེན་བཞི”དོན་འཁྱོལ་ཡག་པོ་བྱུང་ནས“འཛུགས་གཏོད་བཞིར”གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། ད་ཆའི་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་ཐེབས་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱུན་མཐུད་ངང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ། དམངས་འཚོའི་བདེ་རྩར་འགན་ལེན་དེ་བས་ཡག་པོ་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། དེ་དག་ནི་ལས་བྱེད་པ་རྒན་གྲས་རྣམ་པས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ལས་བྱུང་ལ། ཁོང་ཚོའི་བློ་གྲོས་དང་སེམས་ནུས་ཀྱང་གཅིག་ཏུ་འདུས་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་བྱེད་པ་རྒན་གྲས་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སེམས་ནུས་ཡོད་རྒུ་བཏོན་ནས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། བརྩི་འཇོག་གི་བསམ་པ་དང་། གཅེས་སྐྱོང་གི་བསམ་པ། དངོས་སྒྲུབ་ཀྱི་བྱ་སྤྱོད་བཅས་ལ་བརྟེན་ནས་ལས་བྱེད་པ་རྒན་གྲས་ཀྱི་དཀའ་ངལ་དངོས་དང་ཞིབ་ཕྲའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་ཁོང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་དང་ཚེ་མཇུག་བདེ་ལ་རོལ་བ་ཡོང་བར་མཐུན་རྐྱེན་བསྐྲུན་ནས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།
འགོ་ཁྲིད་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐུགས་ཁུར་དང་གཟིགས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། འདས་ཟིན་པའི་ལོ་གཅིག་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་འཕེལ་རིམ་གསར་པ་བྱུང་བར་སེམས་གཏིང་ནས་དགའ་པོ་བྱུང་ཞེས་གསུངས་པ་མ་ཟད། ཁོང་རྣམ་པས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་ཞུས་ཏེ་མུ་མཐུད་ནས་རང་ནུས་ལྷག་མ་འདོན་སྤེལ་དང་རྒལ་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པར་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་མང་བ་ཧུར་ཐག་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཟླ་བ་ཚེ་རིང་། རྒྱལ་མཚན། མོང་ཞའོ་ལིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།