དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་ལྷ་སར་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-10

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་ཏེ། ཟླ་2ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལྷ་སར་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་ཁོང་ཚོའི་རྗེས་རབས་པར་འཚམས་འདྲི་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་པོ་ཁྲེང་དང་། ལང་ཧྥུ་ཁོན། པད་མ་དབང་འདུས་བཅས་འཚམས་འདྲི་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ལིའུ་ཅང་དང་བཅས་པས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་རྗེས་རབས་པ་ཐང་སྨད་ཀུན་བཟང་བདེ་སྐྱིད་དང་། དམངས་གཉེར་དཔལ་འབྱོར་མི་སྣ་ཚེ་དབང་འཇིགས་མེད། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་འབྲི་གུང་ཆུང་ཚང་བློ་བཟང་བྱམས་པ། ཚུར་ལོག་བོད་རིགས་སྤུན་ཟླ་འཇིགས་མེད་ཚེ་བརྟན། ཏང་ཕྱིའི་ཤེས་ཡོན་ཅན་ཟླ་བ་དོན་གྲུབ་བཅས་ལ་སྔ་རྗེས་སུ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ས་ཆ་གང་དུ་ཕེབས་རིམ་བཞིན་ལིའུ་ཅང་གིས་ཁོང་ཚོར་དཀར་གཙང་མཇལ་དར་བསྒྲོན་པ་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་འབྲེལ། ཁོང་ཚོའི་ལས་ཀ་དང་འཚོ་བ་དང་དེ་བཞིན་གཟུགས་པོའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཁོང་ཚོས་བོད་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ལིའུ་ཅང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོཌ་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་བོད་ཀྱི་བྱ་གཞག་ཁག་ལ་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་བས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་ཡོད།

    རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་ཁོང་ཚོའི་རྗེས་རབས་པས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐུགས་ཁུར་དང་འཚམས་འདྲི་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་ཐོབ་པར་སེམས་གཏིང་ནས་དགའ་པོ་བྱུང་ཞེས་བརྗོད་ཅིང་། ཁོང་ཚོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།