ཡན་ཅིན་ཧའེ་ཡིས་ཕན་བདེའི་སྒྲིག་གཞིའི་བྱིས་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་འཚམས་འདྲི་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་དང་ཁྲེང་ཀོན་ཆུས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཕེབས་ཏེ། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་བཅས་ཀྱི་ཚབ་ཞུས་ནས་ཕན་བདེ་ཁང་གི་བྱིས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། ལས་དོན་མི་སྣ་བཅས་ལ་བྱམས་བརྩེའི་འཚམས་འདྲི་གནང་ནས་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཤའོ་ཡིའུ་ཚའེ་དང་། ལི་ཝུན་ཀེ སྒྲོལ་དཀར་བཅས་འཚམས་འདྲི་གནང་སྐབས་ལྷན་དུ་ཕེབས་པ་རེད།
“དེ་གར་སྐྱིད་པོ་འདུག་གམ” “དགོང་མོ་ཉལ་སྐབས་འཁྱགས་ཀྱི་འདུག་གམ” “ལྟོ་ཆས་གང་འདྲ་འདུག་གམ”ཞེས་བྱིས་པའི་ཕན་བདེ་ཁང་དུ་ཡོད་པའི“གཅེས་སེམས་ཁྱིམ་ཚང”དུ་ཡན་ཅིན་ཧའེ་ཡིས་བཀའ་འདྲི་ཞིབ་ཕྲ་གནང་། ཕྲུ་གུ་ཚོས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་སྤྱི་ཚོགས་ཡོངས་ཀྱི་བྱམས་སྐྱོང་འོག་ཁྱིམ་ཚང་འདིའི་ནང་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད། ཡན་ཅིན་ཧའེ་ཡིས་ཁོང་ཚོར་སློབ་སྦྱོང་ཧུར་ཐག་བྱས་ནས་ལོ་གསར་པར་ཡར་རྒྱས་གསར་པ་ཡོང་བ་བྱེད་དགོས་པ་དང་། ཆེན་པོ་ཆགས་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་མཁན་གྱི་མི་ཞིག་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད། ཡན་ཅིན་ཧའེ་ཡིས་ཕྲུ་གུ་ཚོའི་བདེ་སྐྱིད་ལྡན་པའི་འཛུམ་མདངས་ལ་གཟིགས་བཞིན་ཁོང་ཚོ་དང་ཞལ་གྱེས་ཞུས་པ་རེད། ཁོང་གིས་ལས་དོན་མི་སྣར་དྭ་ཕྲུག་དང་དབང་སྐྱོན་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་ལེན་བྱས་ནས་ཁོང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་རེད། ཕྲུ་གུ་ཚང་མར་མུ་མཐུད་སེམས་ཁུར་དང་གཅེས་སྐྱོང་དང་། ཕྲུ་གུ་ཚོའི་སེམས་ཁམས་བདེ་ཐང་ལ་མུ་མཐུད་དོ་ཁུར། རོགས་རེས་མཛའ་བརྩེའི་ཁྱིམ་ཚང་གི་རྣམ་པ་གཏོད་པ་བཅས་བྱས་ནས་ཕྲུ་གུ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ་བྱེད་དགོས་ལ། ཕྲུ་གུ་གཞན་དག་དང་འདྲ་བར་བདེ་ཐང་ངང་འཚར་ལོངས་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་མངགས་བྱ་གནང་བ་རེད།
ཚལ་གུང་ཐང་ཤང་དུ་ཡོད་པའི་ཁྲེང་ཀོན་ཆུས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཁོར་ཡུག་མཛེས་ལ་སྒྲིག་བཀོད་ཆ་ཚང་པོ་ཡོད། ཡན་ཅིན་ཧའེ་རྒན་རྒོན་འཇིགས་མེད་ཀྱི་སྡོད་ཁང་དུ་ཕེབས་ནས་བྱམས་བརྩེའི་ངང་རྒན་རྒོན་གྱི་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། དུས་ཆེན་གྱི་སྨོན་འདུན་ཡང་ཞུས་གནང་བ་རེད། དེ་རྗེས་ཡན་ཅིན་ཧའེ་ཡིས་རྒན་རྒོན་ཁག་གཅིག་དང་བཞུགས་མོལ་གནང་ནས་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་དང་། འཚོ་བ། སྨན་བཅོས་ཞབས་ཞུ་བཅས་ཀྱི་གནས་ཚུལ་དང་དེ་བཞིན་གཅིག་སྡུད་བསྙེན་བཀུར་གྱི་ཚད་གཞི་སོགས་བཀའ་འདྲི་ཞིབ་ཚགས་གནང་བ་རེད། རྒན་རྒོན་ཚོས་གཅིག་གྱུར་ཐོག་ཉོས་པའི་དུས་ཆེན་གྱི་གྱོན་ཆས་གྱོན་པ་དང་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བར་གཟིགས་པ་དང་། ཞབས་ཞུ་ལྟེ་གནས་ཀྱི་སྒྲིག་ཆས་ཆ་ཚང་བ་དང་ཞབས་ཞུ་ཁག་གི་འགན་ལེན་ཡག་པོ་ཡོད་པ་མཁྱེན་རྗེས་ཡན་ཅིན་ཧའེ་ཡིས། ཚང་མའི་འཚོ་བ་བདེ་སྐྱིད་ལྡན་པ་དང་ལྟོ་གོས་ལ་སེམས་ཁྲལ་མེད་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགན་ལེན་འོག རྒྱ་ཆེའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་དེ་ལྟ་བུའི་གཟིགས་སྐྱོང་ཡག་པོ་ཐོབ་ཡོད། ཚང་མས་བཀའ་དྲིན་བློ་ལ་བཅངས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་ཞེས་གསུངས་པ་རེད། ཁོང་གིས་ལས་དོན་པར་རང་འགན་གཙང་སྒྲུབ་དང་། ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། གཉེན་ཉེ་ལྟ་བུའི་བརྩེ་བ་ཟབ་མོ་བཅངས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ཀྱིས་ལོངས་སྤྱོད་ཐུབ་པ་བྱས་ནས། ཚང་མས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།